
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། 《ཚོང་དོན་འདུམ་འགྲིག་སྲོལ་ཡིག》ཁྱབ་བསྒྲགས་པ་དང་། 2026ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》གི་དམིགས་ཡུལ་ནི་ཚོང་དོན་འདུམ་འགྲིག་གི་བྱེད་སྒོ་ཚད་ལྡན་དུ་གཏོང་རྒྱུ་དང་། ཚོང་དོན་གྱི་རྩོད་གཞི་ཐག་གཅོད་ནུས་ལྡན་བྱེད་པ། དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། ཚོང་དོན་འདུམ་འགྲིག་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱ་རྒྱུ་དེ་རེད། 《སྲོལ་ཡིག》ལ་བསྡོམས་པས་དོན་ཚན33ཡོད་པ་དང་། གཙོ་བོ་གཤམ་གྱི་ནང་དོན་དག་གཏན་འཁེལ་བྱས་ཡོད་དེ། ཚོང་དོན་འདུམ་འགྲིག་གི་སྤྱོད་འཐུས་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་ཡོད། དོ་བདག་བར་གྱི་ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། སྐྱེལ་འདྲེན། ས་ཁང་བདག་ཁོངས། བཟོ་སྐྲུན་འཛུགས་སྐྲུན། ཤེས་བྱའི་ཐོན་དབང་སོགས་ཀྱི་ཁྱབ་ཁོངས་སུ་བྱུང་བའི་ཚོང་དོན་སྐོར་གྱི་རྩོད་གཞི་ལ་ཚོང་དོན་འདུམ་འགྲིག་སྤྱོད་ཆོག་པ་གཏན་འཁེལ་བྱས་ཡོད་པ་དང་། དེ་དང་ཆབས་ཅིག གཉེན་སྒྲིག་ཁྱིམ་ཚང་དང་རྒྱུན་འཛིན། ལྟ་སྐྱོང་། ངལ་རྩོལ་མི་དོན། འཛད་སྤྱོད་པའི་ཁེ་དབང་སོགས་ཀྱི་རྩོད་གཞི་ལ་ཚོང་དོན་འདུམ་འགྲིག་སྤྱོད་མི་ཆོག་པ་གཏན་འཁེལ་བྱས་ཡོད། ཚོང་དོན་འདུམ་འགྲིག་བྱ་བའི་དོ་དམ་རྐྱེན་སྲོལ་གཏན་འཁེལ་གསལ་བོ་བྱས་ཡོད། ཚོང་དོན་འདུམ་འགྲིག་རྩ་འཛུགས་འཛུགས་པ་དང་དེ་མིན་དོ་དམ་འཁོར་སྐྱོད་ཀྱི་བླང་བྱ་གཏན་འཁེལ་གསལ་བོ་བྱས་ཡོད། ཚོང་དོན་འདུམ་འགྲིག་བྱེད་སྒོའི་གཞི་རྩའི་སྒྲིག་སྲོལ་དང་། ཚོང་དོན་འདུམ་འགྲིག་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ཡོད།