རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་པེ་ཅིང་དུ་གྲོལ་བ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ2026ལོའི་ཟླ3ཚེས5ཉིན་པེ་ཅིང་དུ་འཚོག་རྒྱུ་གཏན་འབེབས་བྱས།
ཁུངས། ཀློག་གྲངས། 3

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་གནང་། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཚེས་27ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་བསྒྲིལ་གྲོས་ཚོགས་ལ་འགོ་འཛིན་གནང་། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བྱས་པའི་ཉ་ལས་བཅའ་ཁྲིམས་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་བདེ་འཇགས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་ཕྱི་ཕྱོགས་ཚོང་དོན་བཅའ་ཁྲིམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་ལས་དོན་གནས་ཚུལ་དང་བསམ་འཆར་ཐག་གཅོད་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་པའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྐོར་གྱི་གྲོས་གཞི་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྐོར་གྱི་གྲོས་གཞི། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྐོར་གྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གོང་གསལ་བཅའ་ཁྲིམས་མ་ཟིན་གསུམ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱེད་པར་ཕུལ་རྒྱུ་གྲོས་ཐག་བཅད་མ་ཟད། ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ལ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་གསལ་བཤད་གནང་རྒྱུའི་མངགས་བཅོལ་གནང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དང་གོ་གཉིས་པའི་འགྲེལ་བཤད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་བ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། གཏན་འབེབས་ལ་གཞིགས་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ2026ལོའི་ཟླ་3པའི་ཚེས5ཉིན་པེ་ཅིང་དུ་འཚོགས་རྒྱུ་རེད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་སྐོར་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྐོ་གཞག་བྱ་རྒྱུར་ཆོག་མཆན་སྤྲད་པའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་སུན་ཀྲིན་ཕིན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་མེད་པར་བཟོ་རྒྱུ་དང་། ཧྲི་ཝེ་ཀྲུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པར་བསྐོ་གཞག་བྱ་རྒྱུ། ཀུང་མེན་གྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་ལེན་རྒྱུ་བཅས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་ཐོག་འབྲེལ་ཡོད་བྱ་བར་བརྡས་ཐག་བཅད་རྗེས། ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་། ཀྲའོ་ལེ་ཅིས་བསྟན་དོན། གྲོས་ཚོགས་སྟེང་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཀྱི་འཆར་ཟིན་དང་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་པ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་པ་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་ཞིབ་ཏུ་ཕུལ་རྒྱུའི་གྲོས་ཐག་བཅད། བཅའ་ཁྲིམས་མ་ཟིན་འདི3ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཁྲིམས་འཛུགས་གལ་ཆེན་ཡིན། རྒྱལ་ཡོངས་དམངས་ཆེན་འཐུས་མི་རྩ་འཛུགས་བྱས་ནས་ཞིབ་ཀློག་གྲོས་བསྡུར་བྱས་ཏེ། ཚོགས་ཆེན་ཀྱིས་གྲོས་ཞིབ་བྱེད་པར་གྲ་སྒྲིག་ཡག་པོ་བྱ་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱ་དགོས། ལོ་གཅིག་རིང་རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་སེལ་ནས་མདུན་དུ་བསྐྱོད་པ་དང་། གསར་ཕྱོགས་དང་བཟང་ཕྱོགས་སུ་འཕེལ་བའི་འབུར་ཐོན་གྲུབ་འབྲས་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གིས་བླངས་པའི་གྲུབ་འབྲས་གལ་ཆེན་གསར་བར་ངོས་འཛིན་གང་ལེགས་བྱ་དགོས། སྔར་ལས་རང་རྟོགས་སྒོས“གཏན་ཕབ་གཉིས”ལ་གོང་བཀུར་དང་། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་དགོས། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་ཁོང་དུ་ཆུད་པར་བྱས་ཏེ། དམངས་ཆེན་གྱི་འགན་ནུས་ལ་དམིགས་ནས་འགན་འཁྲི་དོན་འཁྱོལ་མཐར་ཕྱིན་བྱ་དགོས།

མཇུག་སྒྲིལ་ཚོགས་འདུའི་རྗེས་སུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པས་ཆེད་དོན་འཆད་ཁྲིད་ཐེངས་ཉི་ཤུ་པ་སྤེལ།



པར་ལྡན་གཙོ་ཤོས། པར་ལྡན་སྲིད་དོན། པར་ལྡན་རྒྱལ་སྤྱི།