
ལོ་འགོ་ཚུགས་མ་ཐག ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་དམའ་དབྱིངས་དཔལ་འབྱོར་རིམ་གྱིས་འཕེལ། མི་མེད་གནམ་གྲུའི་ཟོང་འགྲུལ་གཅིག་བསྡུས་སྐྱེལ་འདྲེན་བྱས་པ་དང་གྲོང་ཁྱེར་བརྒལ་བའི་ལམ་ཐིག་ཇེ་མང་དུ་ཕྱིན་ཞིང་། ཐོན་ལས་མུ་ཕྲེང་ལས་ཆོད་མཐོན་པོའི་ངང་འཁོར་སྐྱོད་བྱས་ཏེ། ཁྲག་ཆེན་རིམ་པའི་ཁྲོམ་ར་ཞིག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད།
ཉེ་སྔོན། ཧྲེན་ཀྲེན་གྱི་ལོ་གསར་དགོང་མོར་མི་མེད་གནམ་གྲུ་བརྒྱ་ཕྲག་གིས་བར་སྣང་དུ་དཔེ་རིས་ཡག་པོ་བྲིས་ནས་གྲོང་མི་རྣམས་ཀྱི་ཡིད་དབང་བཀུག གུང་གསེང་མཇུག་སྒྲིལ་མ་ཐག མི་མེད་གནམ་གྲུ་དེ་དག་ཡང་བསྐྱར་ཟོང་འགྲུལ་ལས་རྐང་དུ་ཞུགས།
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ། ཀྲང་ཝེ་ཡིས་བཤད་རྒྱུར། དེ་ནི་ཧྲེན་ཀྲེན་པའོ་ཨན་ཆུས་ཀྱི་མི་མེད་གནམ་གྲུའི་འཁོར་སྐྱོད་ལྟེ་གནས་ཡིན། དུས་ཚོད་སྐར་མ་འགའི་ནང་། ངའི་འགྲམ་དུ་ཟོང་འགྲུལ་མི་མེད་གནམ་གྲུ10ལྷག་བབས་འདུག ཐོན་སྐྱེད་ལ་མཁོ་བའི་ལྷུ་ལག་ཆེ་ཆུང་དང་ཡིག་ཆ་སོགས་མྱུར་སྐྱེལ་དངོས་པོ་ཆུང་འབྲིང་མང་པོ་ཧྲེན་ཀྲེན་དང་ཏུང་ཀོན། ཀྲུང་ཧྲན། ཀྲུའུ་ཧའེ་སོགས་སུ་བསྐུར་བཞིན་ཡོད།
མི་མེད་གནམ་གྲུ་གཉེར་སྐྱོང་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཡེ་ཧུང་ཀྲེ་ཡིས་བཤད་རྒྱུར།ལུགས་གསར་ལོ་སར་ཉིན་གྱི་དགོང་མོར་ང་ཚོར་མྱུར་སྐྱེལ་མངག་ཐོ་གྲངས་ལས་འདས་པ་བྱུང་། ད་ལྟའི་བར་ང་ཚོའི་མི་མེད་གནམ་གྲུའི་འཕུར་ཐེངས70ལྷག་ལ་སླེབས་པ་དང་། མྱུར་སྐྱེལ་དངོས་ཟོག་མང་ཆེ་བར་དུས་ཡུན་གྱི་ཚད་བཀག་ཡོད་པ་རེད།
མིག་སྔར། ཧྲེན་ཀྲེན་དུ། དམངས་དབྱིངས་ཀྱི་འཕུར་ཐེངས་ཆེས་མང་དུས་མི་མེད་གནམ་གྲུའི་ལམ་ཐིག་བརྒྱ་ཕྲག་ལྷག་དུས་མཉམ་དུ་འཁོར་སྐྱོད་བྱེད་ཀྱིན་ཡོད། མཐོན་པོར་འཕུར་བའི་མི་མེད་གནམ་གྲུ་འདི་དག་གི་རྒྱབ་རོལ་དུ་གསར་འགོད་པས་ལས་ཕྱོད་ཀྱིས་གྲུབ་པའི“མངོན་མིན་ཐོན་ལས་མུ་ཕྲེང”ཞིག་མཐོང་བྱུང་།
ཧྲེན་ཀྲེན་ཚད་མཐོའི་གསར་གཏོད་ལག་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་པ་ལི་ཁུན་ཧོང་གིས་བཤད་རྒྱུར། ང་ཚོས་མི་མེད་གནམ་གྲུ་དེའི 90%ཡི་ལྷུ་ལག་ཆེ་ཆུང་ཚང་མ་ཉེ་འགྲམ་གྱི་ས་ཁུལ་ནས་ཡོང་བ་མཐོང་ཐུབ་ཅིང་། ཧྲེན་ཀྲེན་གྱི་ད་ལྟའི་ཟོང་འགྲུལ་ནུས་པ་ཆེན་པོ་དང་འདོན་སྤྲོད་མུ་ཕྲེང་གི་ནུས་པར་བརྟེན་ནས་ཆུ་ཚོད་ཕྱེད་ཀའི་ནང་ལྷུ་ལག་དེ་དག་བཟོ་གྲྭར་བསྐྱལ་ནས་སྒྲིག་སྦྱོར་དང་ལས་སྣོན། ཐོན་སྐྱེད་བཅས་བྱས་ཆོག
ཐོན་རྫས་གསར་པ་བཤམས་མ་ཐག མི་མེད་གནམ་གྲུའི་ཞིབ་དཔྱད་ཚད་ལེན་ཁང་གིས་འཕྲལ་དུ་སྙོམ་སྒྲིག་ཚོད་ལྟ་བྱེད་འགོ་རྩོམ་པ་དང་། སྙོམ་སྒྲིག་ཚོད་ལྟ་ལེགས་འགྲུབ་བྱུང་ཚེ། ཐོན་རྫས་གསར་པ་འདི་དག་མིག་ལྡེབ་དབང་ཙམ་གྱིས་འཁོར་སྐྱོད་དངོས་ཀྱི་ཁྲོད་ཞུགས་ཆོག ཞིབ་འཇུག་གསར་སྤེལ་ནས་ལག་ལེན་བར་དུ་ཧ་ལམ“འགོར་འགྱངས”ཅི་ཡང་མེད། ཐོན་ལས་མུ་ཕྲེང་གི་འདེགས་སྐྱོར་བརྟན་པོ་ཡོད་པས། ད་ལྟ་ཧྲེན་ཀྲེན་དུ། དམའ་དབྱིངས་བགྲོད་ལམ་ཀྱིས་གྲོང་ཁྱེར་དག་དམ་དུ་སྦྲེལ་ཡོད། ཧྲེན་ཀྲེན་པའོ་ཨན་ནས་ཏུང་ཀོན་སུང་ཧྲན་མཚེའུ་བར། ཐོན་སྐྱེད་ཀྱི་ལྷུ་ལག་ཆེ་ཆུང་ཆུ་ཚོད1ནང་ཐད་ཀར་ཐོན་ཐུབ།ཀྲུའུ་ཧའེ་ཡི་ཞང་ཀྲོའུ་གྲུ་ཁ་ནས་ཏུང་ཨའོ་གླིང་ཕྲན་བར། མཚོ་གླིང་དངོས་ཟོག་དག་སྐར་མ་ཉེར་ལྔའི་ནང་ཕར་སྐྱེལ་ཚུར་ལེན་བྱེད་ཐུབ།ཀྲུང་ཧྲན་གནའ་བོའི་གྲོང་རྡལ་ནས་ཅང་མིན་ཞིན་ཧོས་བར། ཡང་བའི་བཟོ་ལས་ཐོན་རྫས་ཉིན་གཅིག་ལ་ཕར་སྐྱེལ་ཚུར་ལེན་བྱེད་ཐུབ། ཅང་མི་འགོར་བར། ད་དུང་སྔར་ལས་མང་པོའི་དམའ་དབྱིངས་ཉེར་སྤྱོད་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་དངོས་འབེབས་བྱ་སྲིད་ལ། ཧྲེན་ཀྲེན་ཆན་ཧའེ་ཡིས་དམའ་དབྱིངས་ལངས་གཟིགས་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་སྔོན་སྐྱོད་དཔེ་སྟོན་ཆུས་མགྱོགས་མྱུར་སྒོས་བསྐྲུན་བཞིན་ཡོད།
ཧྲེན་ཀྲེན་ཆན་ཧའེ་དམའ་དབྱིངས་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་སྔོན་སྐྱོད་དཔེ་སྟོན་ཆུས་ཀྱི་འགན་འཁུར་བ་ཝུའུ་ཞུའེ་མིང་གིས་བཤད་རྒྱུར།
ང་ཚོས་རྒྱལ་ནང་གི་དམའ་དབྱིངས་ལངས་གཟུགས་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཐོག་མ་བསྐྲུན་ཏེ། རིམ་པ་རྗེས་མར་ཀོང་ཏོང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་ཁོངས་བརྒལ་དམའ་དབྱིངས་ཟོང་འགྲུལ་དང་འཕྲལ་བསྟུན་རོགས་སྐྱོབ་ཚོང་ལས་ཅན་དོན་འཁྱོལ་བྱེད་པར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས།
དམའ་དབྱིངས་དཔལ་འབྱོར་བརྟན་འཇགས་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཇོན་མི་ཡང་འགུག་བཞིན་ཡོད། བཅར་འདྲིའི་གོ་རིམ་ཁྲོད། གསར་འགོད་པ་ལོ20ལྷག་ལ་སོན་པའི་གཞོན་ནུ་ཞིག་སྟེ། མི་མེད་གནམ་གྲུའི་མཁའ་ལམ་འཆར་འགོད་པ་ཞའེ་ཧའོ་རན་དང་འཕྲད། ལས་གནས་འདིར་ཞུགས་ནས་ལོ་གཉིས་ལས་འགོར་མེད་མོད། ཁོ་རུ་ཁག་གི་སྣེ་ཁྲིད་ནས་དཀའ་ཁག་ལ་གདོང་གཏོད་ཐུབ་པའི་རྐང་འཛིན་པར་གྱུར་ཡོད། ཉིན་རེ་བཞིན་རུ་ཁག་ཁྲིད་ནས་རྩད་ཞིབ་ཐིག་ལེན་དང་འཆར་འགོད་བྱས་ནས་ཁོམ་ལུང་ཅུང་ཙམ་ཡང་མེད་མོད། ཁོའི་སེམས་སུ་ད་དུང་ངར་ཤུགས་ཀྱིས་ཁེངས་འདུག
ཧྥེན་དབྱིས་མི་མེད་གནམ་གྲུའི་མཁའ་ལམ་འཆར་འགོད་པ། ཞུའེ་ཧའོ་རན་གྱིས་བཤད་རྒྱུར།འགོ་བརྩམས་མ་ཐག་ང་ཚོས་ཧྲེན་ཀྲེན་གྱི་ཆུས་ཡོངས་ལ་འགན་འཁུར་བཞིན་ཡོད། ཉིན་འདི་དག་ལ། ཕྱི་ཕྱོགས་ཁྱབ་ཁོངས་ཀྱི་ལས་འགན་སྒྲུབ་བཞིན་ཡོད། ད་ལོར་ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧའེ་བཅས་དང་། དེ་མིན་ཧའེ་ནན་དང་། ཀྲུང་ཧྲན། ཀྲུའུ་ཧའེ་བཅས་མཐའ་འཁོར་གྱི་གྲོང་ཁྱེར་གྱི་ལས་འགན་ཡང་སྒྲུབ་བཞིན་ཡོད།ལྗོངས་རྣམ་གསར་པ་རིམ་གྱིས་འཆར་འགོད་བྱེད་བཞིན་ཡོད་པ་དང་། ལག་རྩལ་གསར་པ་བསྟུད་མར་ཇེ་ཞིབ་ཏུ་གཏོང་བཞིན་ཡོད་ལ། ན་གཞོན་རྣམས་ཀྱང་དཔུང་དང་དཔུང་བྱས་ནས་དེའི་ཁྲོད་ཞུགས་བཞིན་ཡོད། ད་ལྟ་ཀོང་ཏུང་གི་དམའ་དབྱིངས་དཔལ་འབྱོར་གྱི་འབྲེལ་ཡོད་ཁེ་ལས་ཆིག་ཁྲི་ལྔ་སྟོང་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་བཅུ་ཆའི་གསུམ་ཡན་ཟིན་ཡོད་ལ། 2026ལོར་ཁྲག་ཆེན་རིམ་པར་སླེབས་པའི་རེ་བ་ཡོད།