
རུལ་སུངས་ལ་རྒོལ་པའི་འཐབ་རྩོད་དེ་དམངས་སེམས་ཞེས་པའི་ཆབ་སྲིད་ཆེ་ཤོས་འདི་དང་འབྲེལ་ཡོད་པ་དང་། དེ་ནི་ཕམ་མི་ཐུབ་ལ་གཏན་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་ཡིན། ལོ་གཅིག་གི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་བརྟན་ཤུགས་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གོམ་མཚམས་མི་འཇོག་པ་དང་། ཕྱིར་བསྣུར་མི་བྱེད་པར་ནམ་ཡང་ལམ་དུ་ཡོད་པའི་ཆོད་སེམས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ།
2025ལོར། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་བརྟན་ཤུགས་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་བཅོས་སྐྱོང་ནམ་ཡང་མཚམས་མི་འཇོག་པ་དང་། གནད་དོན་གཙོ་བོ་དང་གནད་འགག་གི་ཁྱབ་ཁོངས། དམིགས་བྱ་གཙོ་བོ་བཅས་ཀྱི་ཐད་ནས་ལེབ་བཤེར་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་མ་ལག་རང་བཞིན་གྱི་རུལ་སུངས་མངོན་མེད་ཉེན་ཁ་གཙང་སེལ་བྱས།
དངུལ་རྩ་དང་རྒྱལ་དབང་ཁེ་ལས། ནུས་ཁུངས། མེ་ཟོན། ཐ་མག སྨན་རྫས། མཐོ་རིམ་སློབ་གྲྭ། ལུས་རྩལ། གསར་སྤེལ་ཁུལ། བཟོ་སྐྲུན་འཛུགས་སྐྲུན། འོས་སྐུལ་འོས་འགུག་སོགས་ཀྱི་དབང་ཆ་གཅིག་སྡུད་དང་། མ་དངུལ་མང་འདུས། ཐོན་ཁུངས་མང་འདུས་བཅས་ཀྱི་ཁྱབ་ཁོངས་མ་ལག་བཅོས་སྐྱོང་བྱ་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱས། དབང་ཆ་གང་བྱུང་དུ་སྤྱོད་པ་དང་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། སྒྲིག་འགལ་གྱིས་ཇུས་ཐག་གཅོད་པ་བཅས་ཀྱིས་རྒྱལ་དབང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དང་། དུས་རྒྱུན་དུ་ལས་བྱེད་པ་གཡོ་འཐེན་བྱེད་པ་དང་ཕྱོགས་གཅིག་ལ་གནོད་འཚེ་གཏོང་བའི་ལྐོག་རྔན་སྤྲོད་མཁན་ལ་ཞིབ་བཤེར་བྱས་ནས། རྒྱལ་ཁོངས་ལས་བརྒལ་བའི་རུལ་སུངས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་བཏང་། རྣམ་པ་གསར་བའི་རུལ་སུངས་དང་མངོན་མེད་རུལ་སུངས་ཀྱི་མངོན་སྟངས་སྣ་ཚོགས་འཚོལ་ཞིབ་དང་སྤྱི་སྡོམ་བྱས་ཏེ་སྲིད་ཚོང“མཉམ་སྡེབ”དང“བྲོས་བྱོལ་ཚུལ་གྱི་ལས་ཁུར་དགོངས་ཞུ”སོགས་ཀྱི་གནད་དོན་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་།
ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་གཞི་ཞིབ་གཅོད་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ། ཏེང་ལི་ཡིས་བཤད་རྒྱུར།རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི“གསར་པ”དང“མངོན་མེད”ནི་ཕྱིའི་རྣམ་པ་ཙམ་ཡིན། དེའི་བྱ་སྤྱོད་ཀྱི་ངོ་བོ་ནི་སྤྱི་ནོར་སྒེར་བདག་ཏུ་བསྒྱུར་བ་དང་། དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ། དབང་དངུལ་བརྗེ་འཚོང་བྱེད་པ་བཅས་རེད། དེའི་ཐད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས《རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་གནད་དོན་ལ་བརྟག་དཔྱད་བྱེད་པའི་དཔང་རྟགས་ཀྱི་ཁྲིད་སྟོན》གཏན་འབེབས་བྱས་ཏེ་རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་གནད་དོན་ཤེས་རྟོགས་དཀའ་བ་དང་དཔང་རྟགས་ལེན་དཀའ་བ། ངོ་བོ་གཏན་འཁེལ་བྱེད་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱས་ཏེ། གྱོད་གཞིའི་ཞིབ་བཤེར་ཐག་གཅོད་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།
2025ལོར། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སུ་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་རེ་ལྔས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།2025ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། “2025ལོའི་གནམ་རྒྱ”འགུལ་སྐྱོད་ཀྱིས་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་པའི་མི782བདའ་ལེན་བྱས་པ་དང་། དེའི་ནང་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ61དང་། “འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི”36། “འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”མི2ཡོད་པ་དང་། ཕྱི་རྒྱལ་ནས་བཙོག་དངུལ་སྒོར་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་དྲུག་བྱེ་བ་ལྔ་ས་ཡ་བདུན་འདེད་ལེན་བྱས།
ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པ།སུན་སུང་ཐའོ་ཡིས་བཤད་རྒྱུར། དེས་ང་ཚོའི་ཏང་གིས་རུལ་སུངས་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་ཆད་གཅོད་ནན་པོ་བྱེད་པ། རུལ་སུངས་རྩ་བ་ནས་བཅོས་སྐྱོང་མ་བྱས་ཚེ་མཚམས་མི་འཇོག་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆད་གཅོད་ཀྱི་བཅའ་ཁྲིམས་ལག་ཏུ་བཟུང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ཀྱིས་སྤེལ་ཏེ། གོམ་མཚམས་མི་འཇོག་པ་དང་། ཕྱིར་བསྣུར་མི་བྱེད་པར་མ་ལག་རང་བཞིན་གྱི་རུལ་སུངས་ཉེན་ཁའི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་གཙང་སེལ་བྱས་ནས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན།