འབད་འབུངས་ཡར་བརྩོན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་མདུན་ལྗོངས་ལེགས་པོ་བསྐྲུན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་གྲོང་གསེབ་དར་སྤེལ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་པ་དང་། ཐོག་མར་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ལོ་གསར་པར།  འབྲི་ཆུའི་ལྷོ་བྱང་གི་གྲོང་གསེབ་ཏུ་བྲེལ་ཟིང་གི་རྣམ་པས་ཁེངས་འདུག   ས་གནས་སོ་སོས་རང་ས་གནས་ཀྱི་དགེ་མཚན་འདོན་སྤེལ་དང་ཁྱད་ལྡན་ཐོན་ལས་དར་རྒྱས་སུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་།

ཧུའུ་པེ་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་གྱི་སྔོ་ཚལ་འདེབས་འཛུགས་བར་ཁྱམས་དུ། ཚོད་མ་མགོ་ལོག་ལ་ལོ་ལེགས་བྱུང་ནས་སྡེ་མི་རྣམས་སྔོ་ཚལ་བཏོག་པ་དང་ཕྱིར་འཚོང་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།

2024ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་རྟོག་ཞིབ་ཏུ་ཕེབས་ཏེ། ཚང་མར་སྔོ་ཚལ་འདེབས་འཛུགས་ཀྱི་དམངས་ཕྱུག་ཐོན་ལས་བྱ་བ་ལེགས་པོར་སྒྲུབ་དགོས་པའི་སྐུལ་ལྕག་གནང་བ་དང་། སྔོ་ཚལ་འདེབས་འཛུགས་མཁན་ཡེ་ཞང་སུང་ཡང་སྐབས་ཐོག་དེར་ཡུལ་དངོས་སུ་ཡོད།

ཧུའུ་པེ་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་གྱི་སྔོ་ཚལ་འདེབས་འཛུགས་མཁན། ཡེ་ཞང་སུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སྐབས།ང་ཚོར་སྔོ་ཚལ་འདེབས་འཛུགས་ཀྱི་དམངས་ཕྱུག་ཐོན་ལས་ལེགས་པོར་སྒྲུབ་དགོས་པའི་སྐུལ་ལྕག་གནང་བ་དང་།  ད་ལྟ་ངས་བཏབ་ཡོད་པ་ཚང་མ་ཚོད་མ་མགོ་ལོག་ཡིན་ལ།དེ་མིན་ད་རུང་ཡུལ་མི་ཉི་ཤུ་ལྷག་དང་མཉམ་དུ་སྔོ་ཚལ་ལ་ཐུམ་བརྒྱབ་ནས་སྐྱེལ་འདྲེན་བྱས་པ་ཡིན། ལོ་གཅིག་ལ་ངས་སྒོར་འབུམ་གཉིས་ལྷག་བཙལ་ཐུབ། སྤྱི་ཁྱབ་ཧྲུའུ་ཅིའི་སེམས་བདེ་མོ་བྱོས། ང་ཚོའི་འཚོ་བ་ཉིན་རེར་བཞིན་ཇེ་ལེགས་ནས་ཇེ་ལེགས་ཡིན་པ་མ་ཟད། ལས་ལ་བརྩོན་པའི་ངར་ཤུགས་ཀྱང་ཆེ་རུ་སོང་ཡོད།

ད་ལྟ།  ཅ་ཡུས་རྫོང་གི་སྔོ་ཚལ་འདེབས་འཛུགས་ཀྱི་ལོ་རེའི་ཐོན་ཐང་སྒོར་ཐེར་འབུམ་དྲུག་དུང་ཕྱུར་ལྔ་ལས་བརྒལ་ཡོད། ད་ལོར། ཁོ་ཚོར་ཇུས་འགོད་གསར་པ་ཞིག་ཡོད་དེ། ཀྲུང་གོ་ཞིང་ལས་ཚན་རིག་གླིང་སོགས་གླིང་དང་སུའོ་ལ་མཉམ་འབྲེལ་བྱས་ཏེ།  ཐོན་འབབ་མཐོ་བ་དང་ལྡོག་འགོག་གི་ཚོད་མ་མགོ་ལོག་གི་རིགས་སྣ་གསར་པའི་གཞི་ཁྱོན་ཁྱབ་གདལ་དུ་གཏོང་རྒྱུ་དེ་ཡིན།

ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཞིང་ལས་ཞིང་སྡེ་ཅུས་ཀྱི་ཏང་ཙུའུ་ཁོངས་མི།  ལུའུ་ཞིས་ཧུའུ་ཡིས་བཤད་རྒྱུར།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་གཏོང་དགོས་ཞེས་བཏོན་ཡོད།  རྗེས་མར། ང་ཚོས་སྔོ་ཚལ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས། ཚན་རྩལ་གཞན་སྒྱུར་གྱི་ཐོན་ལས་མུ་ཕྲེང་སྣུར་སྲིང་བྱ་རྒྱུ་ཡིན་པ་མ་ཟད། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མང་ཚོགས་སྔར་ལས་མང་པོའི་ཡོང་འབབ་ཇེ་མཐོར་གཏོང་རྒྱུ་ཡིན།

གྲོང་གསེབ་དར་སྤེལ་གཏོང་བའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཁ་དང་ཞིང་སྡེ་རུ་སྐུ་དངོས་སུ་ཕེབས་ཏེ། ཞིང་ལས་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་སྡེ་སྔར་ལས་མཛེས་སྡུག་ལྡན་པ།  ཞིང་པ་སྔར་ལས་འབྱོར་ཕྱུག་ལྡན་པ་བཅས་མངོན་འགྱུར་བྱེད་པའི་ཐད་ཁ་ཕྱོགས་བསྟན་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་གོམ་པ་བརྟན་པོ་སྤོ་བར་སྣེ་ཁྲིད་སྐུལ་འདེད་བཏང་།

ལོ་གསར་པར་གྲོང་གསེབ་ཏུ་བྲེལ་འཚུབ་ཀྱི་རྣམ་པ་མངོན།

ཁྲུང་ཆིང་བན་ཀྲོའུ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ། ཚ་ལུ་མ་མུའུ་འབུམ་གཅིག་ལ་ལོ་ལེགས་བྱུང་ཡོད་པས། གནས་དེའི་སྡེ་མི་རྣམས་ཚ་ལུ་མ་བཏོག་པའི་ལས་ལ་བྲེལ་བཞིན་ཡོད་པ་དང་། སྤྱི་ལེ་བཅོ་ལྔའི་མཚམས་སུ་ཡོད་པའི་ལས་སྣོན་འཁོར་ཁང་དུ། སིལ་ཏོག་གསར་པ་ལས་སྣོན་བྱས་ཏེ་སིལ་ཁུ་རུ་བསྒྱུར་བཞིན་ཡོད། ལོ་གསར་པའི་ནང་། ཚ་ལུ་མའི་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས། གླིང་ཁུལ་གྱིས་ལྷད་མེད་ལས་སྣོན་དང་སྐྱེ་ཁམས་ཟོང་རྟགས་སོགས་ཀྱི་ཐད་ཤུགས་བསྣན་ཏེ། སྤྱིའི་ཐོན་ཐང་སྒོར་ཐེར་ཆེན་གཅིག་ལས་བརྒལ་བར་བརྩོན་ལེན་བྱེད་བཞིན་ཡོད།

ཁྲུང་ཆིང་བན་ཀྲོའུ་ཆུས་ཀན་ཉིང་གྲོང་རྡལ་གྱི་འདེབས་འཛུགས་མཁན་ཧི་ཡུང་གིས་བཤད་རྒྱུར། མིག་སྔར། ཚ་ལུ་མ་དྲ་ཐོག་དང་ཡུལ་དངོས་གཉིས་ནས་ཕྱིར་འཚོང་བྱེད་ཀྱིན་ཡོད་པས། ཚ་ལུ་མའི་ཟུར་སྣོན་རིན་ཐང་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད།  ཚ་ལུ་མ་ལས་སྣོན་བྱས་ཏེ་སིལ་ཁུར་བསྒྱུར་ ནས་ད་ལོའི་ཐོན་རྫས་རིན་ཐང2025ལོ་དང་བསྡུར་ན20%ཡས་མས་འཕར་བར་བརྩོན་ལེན་བྱ་རྒྱུ་ཡིན།

མིག་སྔའི་བར།  རང་རྒྱལ་གྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ། སྤྱིའི་ཐོན་ཐང་སྒོར་ཁྲག་ཆེན་གསུམ་ལས་བརྒལ་ཡོད།

ཡུལ་བབ་དང་བསྟུན་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་། ཞིན་ཅང་གི་རི་བོ་ཨ་ཨར་ཐའེ་རི་འདབས་ཀྱི་ཞོལ་ཏོ་སྡེ་བ་རུ། དགུན་དུས་ཀྱི་ཡུལ་ལྗོངས་ནི་དངུལ་དཀར་གྱི་ལྭ་བ་གྱོན་པ་དང་འདྲ་པས། ཡུལ་སྐོར་ནི་ས་གནས་དེ་གའི་ཐོན་ཁུངས་ཆེ་ཤོས་སུ་གྱུར་ཡོད།

ལོ་གསར་པའི་ནང་།  སྡེ་བའི་ནང་མེ་ཕུང་དགོང་ཚོགས་སོགས་ཡུལ་སྐོར་ཐོན་རྫས་གསར་པ་ཁ་སྣོན་བྱས་ཏེ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོ་བཀུག་ཡོད་པས། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས། སྡེ་བ་ཡོངས་སུ་ཁྱིམ་ཚང200ལྷག་དང་མི700ལྷག་ཡོད་ལ། ད་ལྟ་མང་ཆེ་བས་ཡུལ་སྐོར་ཐོན་ལས་ཀྱི་བྱ་བ་གཉེར་བཞིན་ཡོད།

མེས་རྒྱལ་གྱི་ཆེས་བྱང་ཕྱོགས་ཀྱི་ཧེ་ལུང་ཅང་མོ་ཧོ་གྲོང་ཁྱེར་པེ་ཅི་སྡེ་བ་རུ།  སྡེ་མི་རྣམས་ཀྱིས་མི་འགྱངས་བར་ཐོན་ལ་ཉེ་བའི་དགུན་གནང་དང་ལོ་གསར་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ལ་གྲ་སྒྲིག་བྱེད་བཞིན་ཡོད། གངས་འཁྱགས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། གྲོང་གསེབ་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། མིག་སྔར། སྡེ་བའི་ནང་དུ་ཁྱད་ལྡན་དམངས་ཤག300ལྷག་ཡོད། དགུན་ཚུགས་པའི་ཚུན་ལ། པེ་ཅི་སྡེ་བའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་འབུམ་བདུན་ལྷག་སྣེ་ལེན་བྱས།

ཧེ་ལུང་ཅང་ཞིང་ཆེན་མའོ་ཧོ་གྲོང་ཁྱེར་པེ་ཅི་གྲོང་རྡལ་པེ་ཅི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཀའོ་ཝེ་ཡིས་བཤད་རྒྱུར། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་བླང་བྱར་དམ་པོར་དམིགས་ཏེ། བདེ་སྡོད་ལས་བརྩོན་དང་མཛེས་སྡུག་ལྡན་པའི་ གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ལོ་གསར་པའི་ནང་། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གཙོ་གནད་དུ་བཟུང་སྟེ། “གྲོང་གསེབ་འཛུགས་སྐྲུན་སྔར་ལས་ལེགས་པ་དང་སྐྱེ་ཁམས་སྲུང་སྐྱོང་སྔར་ལས་བཟང་བ། མི་དམངས་ཀྱི་འཚོ་བ་སྔར་ལས་སྐྱིད་པ”བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན།

གྲོང་གསེབ་དར་སྤེལ་གཏོང་བར་འཇོན་མི་ནི་གཙོ་བོ་ཡིན། ལོ་གསར་པའི་ནང་། ཡུན་ནན་གྱིས་མེ་ཏོག་གསོ་སྐྱོང་མཁན་དང་དངུལ་མགར།  འཚིག་ཇ་སྐོལ་བའི་མི་སྣ་སོགས་ལ་གསོ་སྦྱོང་བྱེད་ཀྱིན་ཡོད།ད་ལོར། ཁོ་ཚོས་གྲོང་གསེབ་དར་སྤེལ་གྱི་འཇོན་མི་མི་ཐེངས་འབུམ་ལྔ་ལྷག་གསོ་སྦྱོང་བྱས་ནས། གྲོང་གསེབ་དར་སྤེལ་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།ཀྲེ་ཅང་གིས་རྒྱལ་ཡོངས་ཀྱི་དེང་རབས“ཞིང་པ་གསར་པ”འི་ས་གནས་ཚད་གཞི་ཐོག་མ་བཏོན་ནས། མིག་སྔར་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་འཇོན་མིའི་དགོས་མཁོའི་ཁྱབ་པར་བྱས་ཏེ་ཞིང་པ་གསར་པའི་དཔུང་སྡེ་སྐྱེད་སྲིང་དང་སྟོབས་ཆེར་བཏང་།

ཀྲེ་ཅང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་འཇོན་མིའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་། ཞང་ཞའོ་ཧུའེ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱས་པ་ན། ང་ཚོས་ཞིང་པ་གསར་པའི་དཔུང་སྡེ་རྒྱུན་མཐུད་ངང་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ།  གཞོན་ནུ་རྣམས་གྲོང་གསེབ་ཏུ་སྐྱོད་པའི་ལག་ལེན་ས་ཚིགས་དང་དེང་རབས་ཅན་གྱི་ཞིང་ལས་གསར་གཏོད་གླིང་སོགས་ཞིང་སྡེའི་ལས་གཏོད་ལས་ཞུགས་ལས་སྟེགས་བསྐྲུན་ཏེ། ཞིང་པ་གསར་པ་རྣམས་ཞིང་ལས་དར་རྒྱས་གཏོང་མཁན་དུ་འགྱུར་དུ་བཅུག་ནས། གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྒུལ་ཤུགས་ཆེན་པོ་སྩོལ་རྒྱུ་ཡིན།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།