
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1ཚེས8ཉིན་ཉིན་གང་བོར་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན་པ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། རིམ་པ་སོ་སོར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་རྙོག་འཛིང་དང་འགྱུར་ལྡོག་ཆེན་པོར་འཕྲད་སྲིད་པ་དང་། བྱ་བའི་ལས་འགན་དཀའ་ཚེགས་ཆེ་བས། ཏང་གི་འགོ་ཁྲིད་ཀྱི་ཆེས་ཆེ་བའི་དགེ་མཚན་རྒྱུན་འཁྱོངས་ཡག་པོ་དང་བཀོལ་སྤྱོད་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྩ་བའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་བལྟས་ན། འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་དང་ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཕྱོགས་སོ་སོའི་བྱ་བའི་ཐད་གྲུབ་འབྲས་གསར་པ་བླངས་ཡོད་པར་འདོད།
གྲོས་ཚོགས་ལས་བལྟས་ན། འདས་ཟིན་པའི་ལོ་གཅིག་གི་ནང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཧུར་ཐག་གིས་རང་འགན་གཙང་སྒྲུབ་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ལེགས་འགྲུབ་བྱེད་པ་དང་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ཚོགས་པའི་བྱ་བར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་ཐད་བྱ་བ་འབོར་ཆེན་བསྒྲུབས་ཡོད་པར་འདོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོའང་ཡིན།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ནས་འདོད་བློ་གཅིག་གྱུར་དང་མཉམ་ཤུགས་གྲུབ་པར་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བྱ་བར་མཉམ་དུ་སྐུལ་འདེད་བཏང་སྟེ་འགོ་ཡག་པོ་ཞིག་འཛུགས་པར་འབད་བརྩོན་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་མི་དམངས་ཀྱི་དོན་དུ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཙུའུ་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་རང་ངོས་གསར་བརྗེ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་གསར་པའི་ནང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་བླང་བྱར་དམིགས་ཏེ་འགན་འཁྲིར་རྐང་བཙུགས་ནས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་སྤེལ་བ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་དང་བཅོས་སྒྱུར་བྱེད་པ། རྒྱུན་ཆད་མེད་པར་ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་སྣ་ཚོགས་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱ་དགོས།