ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཐུང་ལུན་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ1ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུང་ལུན་ལ་གློག་འཕྲིན་བཏང་ནས། ཁོ་ཡང་བསྐྱར་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུང་རྒྱུར། ལའོ་ཝུའོ་ཡི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་པའི་ཚུན་དུ། ལའོ་ཝུའོ་ཏང་ཀྲུང་དབྱང་གིས་ལའོ་ཝུའོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བགྲོད་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དང་། འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། ཏང་གི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། ཕྱི་ཕྱོགས་འགྲོ་འོང་རྒྱ་བསྐྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་ཡོད། ལའོ་ཝུའོ་ཡི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པ་དེས། ལའོ་ཝུའོ་ཏང་དང་ལའོ་ཝུའོ་ཡི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་ཐད་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་གཙོ་ཡིན་པའི་ལའོ་ཝུའོ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལའོ་ཝུའོ་ཏང་དང་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ་བྱས་ནས། ལའོ་ཝུའོ་ཡི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་བཏོན་པའི་དམིགས་འབེན་ལས་འགན་སོ་སོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱེད་པ་དང་། ལའོ་ཝུའོ་ཡི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཏེ། 2055ལོའི་ཏང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་པའི་སྨོན་འདུན་ཞུས་པ་ཡིན།

ཀྲུང་གོ་དང་ལའོ་ཝུའོ་གཉིས་ནི་རི་རྒྱུད་གཅིག་པ་དང་ཆུ་ཁུངས་གཅིག་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག  ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་པའི་དུས་སྐབས་སུ་སླེབས་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། གཡུར་དུ་ཟ་བའི་གྲུབ་འབྲས་རབ་དང་རིམ་པ་བླངས། མཐའ་སྐོར་གྱི་གནས་སྟངས་དང་འཛམ་གླིང་གི་གནས་བབ་འགྱུར་ལྡོག་མཉམ་འགུལ་གཏིང་ཟབ་བྱེད་པའི་གནས་བབ་གསར་པའི་འོག   ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ།  ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ལའོ་ཝུའོ་ཡི་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོ། ཆུ་ཚད་མཐོན་པོ་བཅས་ཀྱི་དམིགས་འབེན་ཕྱོགས་སུ་རྒྱུན་མཐུད་ངང་སྐྱོད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་བཅས་བྱས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཐད་བྱས་རྗེས་གསར་པ་འབུལ་འདོད་ཡོད།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།