
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ནི་དངོས་ཕུང་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲོམ་རའི་དགོས་མཁོ་དམ་འཛིན་དང་ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་ནས། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་སུ་འཇུག་དགོས། ལོ་གསར་པར་སླེབས་མ་ཐག ཀྲུང་གོའི་ས་གཞི་ཆེན་མོར་གསར་གཏོད་དངོས་སྒྲུབ་ཀྱི་ཚ་རླབས་འཕྱུར། གསར་གཏོད་ཀྱིས་རྣམ་པ་གསར་པ་གཏོད་པ་དང་དངོས་སྒྲུབ་ཀྱིས་རྨང་གཞི་བཏང་ལ། རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་བསྒྱུར་བཀོད་བྱས་པ་བརྒྱུད། སྲོལ་རྒྱུན་ཐོན་ལས་ཀྱིས་ནང་གནས་སྒུལ་ཤུགས་སྐུལ་སློང་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས།
ལོ་གསར་པ་སླེབས་མ་ཐག གསོན་ཤུགས་རབ་ཏུ་རྒྱས། མི་ཐབས་རིག་ནུས་དང་སྲོལ་རྒྱུན་ཐོན་ལས་ཀྱི་མཉམ་འདྲེས་ཇེ་མགྱོགས་སུ་སོང་། ཧྲན་ཞི་རུ་ཡོད་པའི་ཁེ་ལས་ཤིག་ཏུ། ཉིན་འདི་དག་གི་རིང“AIབཟོ་བཀོད་པ”བཅུ་ལྷག་གིས་འཐབ་ཕྱོགས་ཁག་ཏུ་ལས་སྒྲུབ་བྱེད་བཞིན་ཡོད་པ་དང་། སྐར་ཕྲ་རིམ་པའི་དང་ལེན་གྱི་གཏེར་སྤྱོད་གློག་ཁེམ་ལག་རྩལ་གསར་པ་མགྱོགས་མྱུར་ངང་ལེགས་སྒྲིག་དང་ཚོད་ལྟ་བྱེད་བཞིན་ཡོད་ལ། མི་འགྱངས་པར་གཏེར་ཁུལ་ཁག་ཏུ་ལག་བསྟར་བྱ་རྒྱུ་རེད། གཞི་གྲངས་ཆེན་མོའི་སྤུས་ཚད་སྔོན་དཔག་སོགས་མདུན་གྲལ་ཚན་རྩལ་ཐོན་སྐྱེད་ཀྱི་འཁོར་རྟེན་གཙོ་བོར་བརྟེན་ནས། སྒུལ་འཁོར་གྱིས་ཟིན་ཐོ་གསར་པ་གཏོད་པར་བདེ་བླག་ངང་འདེགས་སྐྱོར་བྱས།
ཐའེ་ཀྲུང་སྡེ་ཚོགས་གྲངས་རིག་ཀུང་སིའི་སྤྱི་གཉེར་པ་གཞོན་པ། ཝང་ཧུང་རུའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་ང་ཚོས་ལག་རྩལ་གསར་གཏོད་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་མངགས་བཅོལ་གནང་ལ། ད་ལོར་ང་ཚོས་འཕྲུལ་ཆས་སྒྲིག་ཆས་ཆེ་གྲས་ཁ་ཤས་ལ་བཀོལ་སྤྱོད་བྱེད་མཁན་མེད་པ་མངོན་འགྱུར་བྱ་དགོས་ཤིང་། ལྷུ་ལག་གཙོ་བོ“AIསྤུས་ཚད་སོ་དམག”བརྒྱུད་དེ་ཞིབ་ཚགས་རང་བཞིན་མཐོ་རུ་གཏོང་དགོས་པ་མ་ཟད། དུམ་བུ་ཆེན་པོ་ཁ་ཤས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་བཟོ་སྐྲུན་ལ་གསོན་ཤུགས་གསར་པ་རྒྱས་སུ་འཇུག་དགོས།
སྲོལ་རྒྱུན་ཐོན་ལས་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཆགས་པའི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་གནས་གལ་ཆེན་དུ་བཞག་སྟེ།ངར་ལྕགས་འཁོར་ཁང་ནས་འཁོར་རྟེན་བཟོ་གྲྭ་དང་། ལག་རྩལ་འགག་སྒྲོལ་ཚོད་ལྟ་ཁང་ནས་ཐོན་ལས་གླིང་ཁུལ་གྱི་འཐབ་ཕྱོགས་དང་པོའི་བར། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་ཁག་ཏུ་རྟོག་ཞིབ་གནང་སྐབས་སྲོལ་རྒྱུན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་ཟམ་མི་ཆད་པར་ཁ་ཕྱོགས་གསལ་སྟོན་གནང་། ཁོང་གིས་ནན་གྱིས་བསྟན་དོན།སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་ཡིན་ལ། གཞི་གྲངས་ཅན་གྱི་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་སྔོན་ཐོན་གོ་ཆོད་ལག་རྩལ་ཁྱབ་གདལ་བཏང་སྟེ། རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་དང་དེ་དོར་བ་མིན་ལ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་ན་ཡང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཐུབ།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཐོན་ལས་དཔལ་འབྱོར་དང་ལག་རྩལ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ལིའུ་ཆོན་ཧུང་གིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་རབ་དང་རིམ་པས་སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྒྱུར་བཀོད་དང་རིམ་སྤོར་འཕེལ་རྒྱས་བཏང་ཞིང་། སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་སྒྱུར་རིམ་སྤོར་ལ་ཁ་ཕྱོགས་དང་སྒུལ་ཤུགས། ཤུགས་འདོན་ས་བཅས་གསལ་སྟོན་བྱས་ནས། སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་དང་གསོན་ཤུགས་གསར་པ་རྒྱས་སུ་བཅུག
ཐོན་ལས་སྟོབས་ཆེ་ན་དཔལ་འབྱོར་སྟོབས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རང་རྒྱལ་གྱི་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
སྲོལ་རྒྱུན་ཐོན་ལས་ཀྱི་རྩེར་སོན་ཅན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན། 2024ལོར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དེ2020ལོ་ལས་སོ་སོར42%དང37.1%འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱིས9.2%དང8.2%འཕར་ཡོད། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས18འཛམ་གླིང་གི་ཟོང་རྟགས་རྩེ་གྲ500ཡི་ཁྲོད་ཚུད་པ་དང་། རང་རྒྱལ་གྱི་ཚོང་ཟོག་དང་རང་རྒྱལ་གྱི་ཟོང་རྟགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན།སྲོལ་རྒྱུན་ཐོན་ལས་ཀྱི་རིག་ནུས་ཅན་ལ་བསྒྱུར་བཀོད་ཟབ་མོ་བྱས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། གྲོང་ཁྱེར46གིས་ལག་རྩལ་གསར་པས་བསྒྱུར་བཀོད་བྱེད་པའི་གྲོང་ཁྱེར་གྱི་ཚོད་ལྟ་བྱས་ཏེ། རིམ་རྩིས་བྱས་ན་ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ230ལྷག་དང་། 5Gཔའི་བཟོ་གྲྭ1260བསྐྲུན་ལ། བཟོ་ལས་འཕྲུལ་མིའི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་ཀྱིས་འཛམ་གླིང་གི་བསྡུར་ཚད་ཀྱི50%ལས་བརྒལ་བ་བཟུང་ནས། བཟོ་ཁང་རྙིང་པ་ཁག་ཅིག“རིག་ནུས་བཟོ་གྲྭ”རུ་གྱུར།
སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ངར་ལྕགས་དང་ཨར་འདམ་སོགས་གཙོ་གནད་ལས་རིགས་དང་ལས་ཁུངས་ཀྱི་ཐོན་རྫས་ཀྱི་ཕྱོགས་བསྡུས་ནུས་ཁུངས་ཟད་གྲོན་སྤྱིའི་ཆ་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ལ། ལྗང་མདོག་གློག་བརྟེན་ཧ་ཡང་དབྱེ་འབྱེད་ཀྱི་ལོ་རེའི་ཐོན་ཚད་ཏུན་བྱེ་བ་གཅིག་ལས་བརྒལ་ཏེ། ཐོན་ལས་འཕེལ་རྒྱས་ལ་སྔར་ལས་རྒྱུན་མཐུད་རང་བཞིན་ལྡན་པར་བྱས།
སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་ཅན་གྱི་འཕེལ་རྒྱས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་མགྱོགས་མྱུར་ངང་བྱུང་།ཀོང་ཏུང་ཧྥོ་ཧྲན་དུ། ཁྱིམ་ཆས་ཁེ་ལས་ཀྱིས་བཟོ་ལས་ཀྱི་དཔེ་དབྱིབས་ཆེན་པོར་བརྟེན་ནས་མུ་ཕྲེང་ཡོངས་ཀྱི་རིག་ནུས་མ་ལག་བསྐྲུན་པ་དང་། མངགས་ཐོའི་མྱུར་ཚད་ཆེས་ཆེར་འཕར་ཏེ། “རིག་ནུས་ཁྱིམ་ཆས་ཀྱི་ཐུམ་རྒྱག”སོགས་ཞབས་ཞུ་གསར་པ་འབྱུང་དུ་བཅུག ཀྲེ་ཅང་ཧང་ཀྲོའུ་རུ། ཁེ་ལས་རྙིང་པས་རྩ་གཉིས་ཨང་བཤེར་བྱས་ནས“འཚེམ་དྲུབ་ཀྱི་གཏམ་རྒྱུད་ལ་ཉན་པ”དང་། དྲ་ཐོག་ནས“གཟུགས་འདས་ཤུལ་བཞག་རིག་གནས་ལ་ལྟ”ཆོག་པར་བྱས་ཏེ། ལོ་ངོ་སྟོང་གི་འཁལ་འཐག་ལག་རྩལ་དེ་རིག་གནས་ཡུལ་སྐོར་གྱི་རྣམ་པ་དང་མཉམ་འདྲེས་བྱས་ལ། ཐོན་རྫས་ཕྱིར་འཚོང་ཚད30%ལ་འཕར་བར་སྐུལ་ཁྲིད་བྱས། གྲངས་འཛིན་དཔལ་འབྱོར་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་ཟབ་མོ་བྱས་ལ། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ལས་རིགས་བརྒལ་ནས་མཐུན་སྦྱོར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་བསྣན།
ཀྲུང་གོ་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཧན་ཅན་ཧྥེ་ཡིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། སྲོལ་རྒྱུན་ཐོན་ལས་གོང་འཕེལ་བཏང་སྟེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས། ཕྱོགས་གཅིག་ནས་གཞི་ཁྱོན་ཆེ་བའི་ལག་རྩལ་སྒྱུར་བཀོད་དང་རིམ་འཇུག་རིམ་སྤོར་བརྒྱུད། རིག་ནུས་བཟོ་སྐྲུན་དང་ལྗང་མདོག་བཟོ་སྐྲུན། ཞབས་ཞུ་ཅན་གྱི་བཟོ་སྐྲུན་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་ཐོན་ལས་རྒྱུན་མཐུད་རིམ་སྤོར་བྱས་པ་དེས། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་འཕེལ་རྒྱས་འགྲོ་བར་ཕུན་སུམ་ཚོགས་པའི་ཉེར་སྤྱོད་རྣམ་པ་མཁོ་འདོན་བྱ་ངེས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལས། “སྲོལ་རྒྱུན་ཐོན་ལས་ཇེ་ལེགས་དང་རིམ་སྤོར་བྱས་ནས། གཙོ་གནད་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས”ཞེས་གསལ་བོར་བཏོན། ཉེ་བའི་དུས་སྐབས་ཤིག་ལ། རྒྱལ་ཁབ་ཀྱིས་སྲིད་ཇུས་མང་པོ་བཏོན་པ་དང་། མདོག་ལྡན་དང་ངར་ལྕགས། འཕྲུལ་ཆས། ཡང་བའི་བཟོ་ལས་སོགས་གཙོ་གནད་ལས་རིགས་སྐོར་ཞིག་བརྟན་རླིང་ངང་འཕར་བའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་པ་ནས། ཐོག་མར“མི་ཐབས་རིག་ནུས་དང་བཟོ་སྐྲུན”གཙོར་བྱས་ཏེ་འཇོན་ལྡན་ལས་རྩོད་ཡོངས་བསྒྲགས་བྱས་ཤིང་། དེ་ནས་ཚད་གཞི་མཐོ་བའི་གྲངས་འཛིན་གླིང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི་བར། ངར་ལྕགས་དང་རྫས་འགྱུར་བཟོ་ལས། གློག་ཤུགས་སོགས་གཙོ་གནད་ཐོན་ལས་མུ་ཕྲེང་དང་བཟོ་ལས་དྲ་སྦྲེལ་མཉམ་འདྲེས་འགུལ་སྐྱོད་སྤེལ་འགོ་ཚུགས། བྱེད་ཐབས་ཁག་ཅིག་ཕན་ཚུན་སྦྲེལ་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་འཕེལ་བའི་སྲོལ་རྒྱུན་ཐོན་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།