ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1པོའི་ཚེས12ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དུ་དཔལ་འབྱོར་འཁོར་སྐྱོད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱེད་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་།   འགོ་བརྩམས་མ་ཐག་བྱ་བ་བཟང་བོར་བསྒྲུབ་པ་དང་འགོ་བརྩམས་མ་ཐག་འབད་འཐབ་བཟང་བོ་བྱེད་པའི་རྣམ་འགྱུར་བཅས་ལ་བརྟེན་ནས་བྱ་བ་སོ་སོར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ་དུས་ཚིགས་དང་པོའི་འགོ་ལེགས་པོར་རྩོམ་པར་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་སུ་ཡོད་པའི་ནན་ཀོན་སྲང་ལམ་ཞོལ་མ་ནི་རིག་གནས་འགྲེམ་སྟོན་དང་ཞིམ་ཟས་ཡུལ་སྐོར།   གྲོང་ཁྱེར་གྱི་བྱེད་ནུས་གསར་པ་གཅིག་བསྡུས་བྱས་པའི་གཞི་གཅིག་ཅན་གྱི་ཁྱད་ལྡན་སྲང་ལམ་ཞིག་ཡིན་པ་དང་།    གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་གྲོང་ཁྱེར་འཚོ་བའི་འདུ་འཛི་མཉམ་བསྲེས་བྱེད་རྒྱུ་གཙོར་བྱས་ཡོད་པས།  ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པའི་དགའ་བསུ་ཐོབ་པའི་གནས་ཤིག་ཏུ་གྱུར་ཡོད།    ལུའོ་ཏུང་ཁྲོན་གྱིས་འགྲོ་ཞོར་དང་ལྟ་ཞོར་བྱས་ཏེ་སྲང་ལམ་འགྲམ་དུ་ཡོད་པའི་ཚོང་ཁང་དང་གྲོང་ཁྱེར་སྡོད་དམངས་རྣམས་དང་བརྩེ་བའི་བརྗེ་རེས་བྱས།   ཁོས་བཤད་རྒྱུར།   འཛད་སྤྱོད་ནི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ།   མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་ཐད་ཀའི་མངོན་སྟངས་ཤིག་ཀྱང་ཡིན་པས།   སྲང་ལམ་བྱེད་ནུས་ཀྱི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་།   ཚོང་ལས་ལས་རྣམ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    འཛད་སྤྱོད་རྣམ་པ་གསར་གཏོད་དང་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ།    ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ།    རིག་གནས་ཡུལ་སྐོར་དང་ཚོང་ལས་མཉམ་བསྲེས་ཀྱི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་དང་རྣམ་པ་སྣ་མང་གི་དམངས་ཕན་ཚོང་སྐུལ་བྱེད་སྒོ་སྤེལ་བ།    གྲོང་ཁྱེར་གྱི་འཚོ་བའི་རྣམ་པ་དང་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་ཉམས་སུ་མྱོང་ཐུབ་པའི་འཛད་སྤྱོད་ཚད་གཞི་གསར་པ་བསྐྲུན་པ་བཅས་བྱས་ནས་གྲོང་ཁྱེར་གྱི་ཁྱད་ལྡན་སྲང་ལམ་ལ་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས།

ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཟི་ལིང་རྣམ་པ་གསར་པའི་ཐོན་ལས་གླིང་དུ་ལུའོ་ཏུང་ཁྲོན་གྱིས་རྣམ་པ་གསར་པའི་དཔེ་སྟོན་ཐོན་སྐྱེད་སོགས་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་།    ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞིའི་གོ་གནས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ།    ཞིབ་འཇུག་གསར་སྤེལ་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བ།    ལག་རྩལ་རིམ་འཇུག་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་བེད་སྤྱོད་ཐད་འདེགས་སྐྱོར་འདོན་སྤྲོད་བྱས་ནས་ཁེ་ལས་ཀྱིས་མངག་ཐོ་དམ་འཛིན་དང་ཁྲོམ་ར་རྒྱ་བསྐྱེད་པར་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་སྔོན་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་བྱེད་ནུས་གསབ་རེས་བྱེད་པའི་ལྗང་མདོག་གསོག་ནུས་ཚོད་ལྟ་ཁང་དུ་ལུའོ་ཏུང་ཁྲོན་གྱིས་གཟབ་ནན་སྒོས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུའི་འཛུགས་སྐྲུན་དང་ལག་རྩལ་འགག་སྒྲོལ།   ཕན་འབྲས་ཚུལ་སྒྱུར་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་ཏེ་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྨང་གཞིར་བརྟེན་ནས་བྱེད་ནུས་མཐོ་བའི་ཚན་རྩལ་གསར་གཏོད་སྟེགས་བུ་འཛུགས་པ་དང་རྒྱུ་རྐྱེན་ཐོན་ཁུངས་སྔར་ལས་གཅིག་བསྡུས་བྱེད་པ།   གནད་འགག་ལག་རྩལ་གཙོ་བོ་མགྱོགས་མྱུར་སྒོས་ཐོལ་བརྒལ་བཅས་བྱས་ཏེ་ཧུར་ཐག་སྒོས་རྒྱལ་ཁབ་རིམ་པའི་ཚན་རྩལ་གྲུབ་འབྲས་བརྩོན་ལེན་བྱེད་དགོས།  ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་གསར་གཏོད་གཏིང་ཟབ་བྱེད་པ་དང་མགྱོགས་མྱུར་སྒོས་ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་བ།    ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྔར་ལས་སྟོབས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་པའེ་ཧི་ཧ་ཡང་ལས་རིགས་ཚད་ཡོད་འགན་འཁྲིའི་ཀུང་སི་རུ་ལུའོ་ཏུང་ཁྲོན་ཐོན་སྐྱེད་འཁོར་ཁང་དང་གཅིག་བསྡུས་ཚོད་འཛིན་ཁང་དུ་ཟབ་ཞུགས་བྱས་ནས་ཐོན་སྐྱེད་གོ་རིམ་དང་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་སོགས་གནས་ཚུལ་ཞིབ་ཏུ་དྲིས་པ་དང་།    ཁེ་ལས་ཀྱིས་རྩེར་སོན་ཅན་དང་རིག་ནུས་ཅན།  ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་གཏིང་ཟབ་ཏུ་སྤེལ་བ་དང་།   ལྗང་གློག་ཐད་སྦྲེལ་གྱིས་ཐོན་ལས་ཀྱི་ཐཱན་ཉུང་ཚུལ་སྒྱུར་ལ་བྱེད་ནུས་བསྩོལ་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པ།  ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ།  ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་ལས་ཆེ་བའི་ལྷད་མེད་ཧ་ཡང་ཐོན་རྫས་བསྐྲུན་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་།  འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རང་འགུལ་འབད་འཐབ་བྱས་ཏེ་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ་དང་།  ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱས་ནས་ཁེ་ལས་འཕེལ་རྒྱས་ཐད་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པའི་བླང་བྱ་བཏོན།

ཀྲང་ཅིན་ཀང་རྟོག་ཞིབ་ཁྲོད་ཞུགས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།