ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས15ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་ལ། དུས་ཚིགས་དང་པོར་གྲུབ་འབྲས་ལེགས་པོ་ལེན་པ་དང་། གཞི་གྲངས་མཚོ་སྔོན་འཛུགས་སྐྲུན། དམངས་ཚིས་དོན་དངོས་ལས་གཞི། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་སྒྱུར་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ཟླ1ཚེས8ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ཏང་གི་སྲིད་གཞུང་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ཏེ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཚད་གཞི་མཐོན་པོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བཟང་པོར་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁེ་ལས་ཀྱི་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་བསྟུད་མར་ལེགས་སྒྱུར་བྱེད་པ། ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རྒྱལ་དབང་ཁེ་ལས་ཀྱི་བྱེད་ནུས་གཙོ་བོ་དང་འགྲན་རྩོད་ནུས་ཤུགས་གཙོ་བོ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་རྩེ་རིམ་ཇུས་འགོད་ཇེ་ལེགས་སུ་གཏོང་བ་དང་ལས་གཞིའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། མཐོ་སྒང་གི་དེང་རབས་ཆུ་དྲ་དམ་པོར་བསྐྲུན་དགོས། རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཕྱི་ནང་གི་སྒོ་འབྱེད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ནོར་སྲིད་དངུལ་རྩའི་མཐུན་སྦྱོར་གྱིས་ནང་མཁོ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དངོས་འབེབས་ནན་མོ་བྱས་ནས།  སྤུས་ཚད་མཐོ་བའི་འདོན་སྤྲོད་ཀྱིས་ནུས་ལྡན་དགོས་མཁོ་བསྐྲུན་དགོས། གཞི་རྩའི་སྤྱི་བའི་ཞབས་ཞུ་འདྲ་མཉམ་ཅན་ལ་སྐུལ་འདེད་གཏོང་བ་དང་། མི་རྩ་བར་འཛིན་པའི་གསར་དར་གྲོང་རྡལ་ཅན་ལ་སྔར་ལས་འདེགས་སྐྱོར་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། དུས་ཚིགས་དང་པོར་གྲུབ་འབྲས་ལེགས་པོ་ལེན་པའི་དམིགས་འབེན་ལ་རྐང་བཙུགས་ནས། བརྟན་ཐོག་ཡར་འཕར་དང་སྤུས་འདེགས་ནུས་སྤོར་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་བཟོ་ལས་དམ་འཛིན་གྱིས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སེམས་ཞིབ་མོས་རིག་གནས་ཡུལ་སྐོར་དམ་འཛིན་གྱིས་མི་ཚོགས་གཅིག་སྡུད་བྱེད་པ། རང་ནུས་ཡོད་རྒུས་འཛད་སྤྱོད་དམ་འཛིན་གྱིས་ཐོན་ལས་གསུམ་མཐོར་འདེགས་གཏོང་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་ལས་གཞི་དམ་འཛིན་བྱས་ནས་དངུལ་གཏོང་རྒྱ་བསྐྱེད་པ། ཐོན་ལས་དང་པོ་དམ་འཛིན་གྱིས་འདོན་སྤྲོད་ཇེ་ལེགས་སུ་གཏོང་བ། ཤུགས་ཆེན་པོས་ཁེ་ལས་དམ་འཛིན་གྱིས་ཞབས་ཞུར་ཤུགས་སྣོན་པ། མ་དངུལ་དམ་འཛིན་གྱིས་དངོས་འབྲས་ཆེ་རུ་གཏོང་བ། ལས་ཞུགས་དམ་འཛིན་གྱིས་དམངས་འཚོར་ཕན་པ་བསྐྲུན་པ། འགོ་བརྩམས་མ་ཐག་ནས་འབད་བརྩོན་བྱེད་པ་དང་འགོ་ལེགས་པོར་རྩོམ་པ་ནི་རྒྱལ་ཁ་ལེན་པའི་གནད་འགག་ཡིན་པའི་སེམས་ཤུགས་ལ་བརྟེན་ནས། སྔ་འོས་ཡོངས་སྔ་དང་གང་མྱུར་ཅི་མགྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་འགན་སྣ་ཚོགས་སྔ་མོ་ནས་མྱུར་མོར་བསྒྲུབ་སྟེ་སྔ་མོ་ནས་ཕན་འབྲས་ཐོན་པར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས། སེམས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་ལས་གཞི་ལེགས་པོར་སྒྲུབ་དགོས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་སྐྱོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་པར་འགན་སྲུང་བྱེད་དགོས། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཟབ་མོ་བྱས་ཏེ། ཚད་གཞི་མཐོན་པོས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་པ་དང་། གཞི་གྲངས་སྲིད་གཞུང་གི་ཕན་ནུས་ཇེ་མཐོར་བཏང་ནས། གཞི་གྲངས་རྒྱུ་རྐྱེན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་སྟོབས་ནུས་སྩོལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལས་གཞི་དོ་དམ་བྱ་བའི་ཇུས་གཞི》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་ཅིག་བཟོ་བཅོས་དང་བཀོལ་མཚམས་འཇོག་པའི་བྱ་བར་ཞིབ་འཇུག་བྱས་ཏེ། གོ་རིམ་ལྟར་ཡོངས་སྒྲོག་དང་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱས།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

​ལྷ་མོ་འཚོས་བསྒྱུར། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།