ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས16ཉིན། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས2025ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ནོར་སྲིད་བྱ་བར་སྤྱི་བསྡོམས་བྱས་ལ། མིག་སྔའི་ནོར་སྲིད་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནོར་སྲིད་བྱ་བའི་བསམ་ཕྱོགས་འཆར་འགོད་བྱས་ཏེ།2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཁྱོན་ཡོངས་ནས་ལངས་ཏེ། སྲིད་ཇུས་ནུས་པ་ཚུལ་སྒྱུར་ལ་དོ་སྣོང་བྱས་པ་དང་། ཞབས་ཞུ་འགན་སྲུང་འགན་ནུས་ལག་བསྟར་ནན་མོ་བྱས་ལ། ནོར་སྲིད་བྱ་བའི་སྔོན་དཔག་དམིགས་འབེན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། ནོར་སྲིད་ཀྱི་ཕྱོགས་བསྡུས་དངོས་ཤུགས་སྔར་ལས་ཇེ་ཆེར་བཏང་། 2025ལོར། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་མ་ལག་གིས་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་དང་། ནོར་སྲིད་སྲིད་ཇུས་འབད་པས་ལག་བསྟར། ནོར་སྲིད་ཚན་རིག་དོ་དམ། ཉེན་ཁ་སྔོན་འགོག་སོགས་ཀྱི་གཙོ་གནད་ལ་དམིགས་ནས། དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་འགྲུབ་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བས་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས། ཡོང་སྒོར་བསྟུན་ནས་འགྲོ་སོང་གཏོང་བ་དང་གཙོ་གནད་འགན་སྲུང། བཅོས་སྒྱུར་ཟབ་སྤེལ་དང་སྤུས་འདེགས་ནུས་འཕར། དམངས་འཚོ་རྩ་བར་འཛིན་པ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པ། བདེ་འཇགས་འཕེལ་རྒྱས་དང་ཉེན་ཁ་དོགས་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་གིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་ནོར་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། 2026ལོར་བརྟན་ཐོག་ཡར་འཕར་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། སྤུས་འདེགས་ནུས་འཕར་གྱི་བྱ་བའི་གཙོ་ཐིག་ལ་བརྟེན་ནས། དཔལ་འབྱོར་གྱི་སྤུས་ཚད་ཇེ་ལེགས་དང་གྲངས་ཚད་འཕར་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་བརྟན་བརླིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས། ནོར་སྲིད་སྲིད་ཇུས་ལེགས་པོ་དངོས་འབེབས་བྱེད་པ་དང་། འཐབ་ཇུས་ལས་འགན་གཙོ་བོའི་ནོར་སྲིད་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱེད་པ། ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱེད་པ། ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་དགོས།

​ལྷ་མོ་འཚོས་བསྒྱུར།