
ཟླ1པའི་ཚེས16ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་གི་སྣེ་ཁྲིད་དེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་སུ་མཐོ་སྒང་གི་ལུས་གསོ་དང་དགུན་དུས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
མཚོ་འཕགས་སྨི2200ཡོད་པའི་མདོ་དབུས་མཐོ་སྒང་ལུས་གསོ་ལྟེ་གནས་སུ། མགོན་པོ་བཀྲ་ཤིས་སོགས་ལུས་གསོ་ཉམས་ལེན་ཁང་དང་། ཀྲུང་བོད་གསོ་རིག་འོས་འཚམ་ལག་རྩལ་ཉམས་ལེན་ཁུལ། ལུས་གསོའི་ཐོན་རྫས་འགྲེམ་ཚོང་ཁུལ་སོགས་སུ་བསྐྱོད་དེ། ལྟེ་གནས་ཀྱི་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། གྲོང་ཁྱེར་དང་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ལྟེ་གནས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་བསམ་ཚུལ་བརྗེ་རེས་བྱས་ནས་ལུས་གསོས་ཞབས་ཞུའི་ནང་དོན་དང་། ཚོང་མགྲོན་ཚོགས་པ། སྨན་བཅོས་བདེ་ཐང་འགན་ལེན། མཐོ་སྒང་གི་འཕྲོད་མཐུན་རང་བཞིན་ཉམས་ལེན་དང་དེ་མིན་ཐོན་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་སྐོར་འདྲི་རྩད་བྱས། ཁོས་བསྟན་དོན། མཐོ་སྒང་གི་ལུས་གསོ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཛིན་པའི་འདུ་ཤེས་ལག་བསྟར་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས“གཉིས་རྒྱལ”མངོན་འགྱུར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་སྐྱེས་ཐོབ་ལ་བརྟེན་ནས། “མཐོ་སྒང་གི་ལུས་གསོ་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། དངོས་གནས་སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་དགོས། ལས་རིགས་ཀྱི་ལས་སྒྲུབ་མི་སྣས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བར་སྐུལ་ཁྲིད་བྱས་ཏེ། མུ་མཐུད་དུ་མཐོ་སྒང་གི་ཁམས་གསོའི་ཐོན་ལས་ཆེད་ལས་ཅན་དང་། ཟོང་རྟགས་ཅན་གྱི་ཆུ་ཚད་དུ་བསྒྱུར་ནས། མིའི་རིགས་ཀྱི་ཁམས་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།
གྱི་ཐང་མཁར་གྱི་སྐབས་གཉིས་པའི“གངས་འཁྱགས་འགུལ་སྐྱོད”བྱེད་སྒོ་སྐབས་གཉིས་པའི་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་འཁོལ་བ་དང་། དེ་གར་རྣམ་པ་སྣ་མང་ཅན་གྱི་མཉམ་འདྲེས་བྱས་ཏེ། “ཟས་རིགས་དང་སྡོད་གནས། འགུལ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་གཞི་གཅིག་ཏུ་འདུས་པའི་ཟི་ལིང་རིགས་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྐད་གྲགས་ཆེ་བའི་གནས་ཞིག་ཏུ་གྱུར་ཡོད། མགོན་པོ་བཀྲ་ཤིས་སོགས་བྱ་འགུལ་གྱི་ཡུལ་དངོས་སུ་ཡོང་ནས། ཡུལ་དངོས་སུ་གྱི་ཐང་མཁར་གྱི་ཚོང་ལས་སྲང་ལམ་དང་ཁུ་ནུ་གངས་འཁྱགས་ལྒང་ཞུའི་ཚོགས་ཡུལ། གཟུགས་འདས་ཤུལ་བཞག་འགྲེམ་སྟོན། ཁྱད་ལྡན་ཉོ་འཚོང་སོགས་ཀྱི་ཁུལ་ཁོངས་སུ་རྟོག་ཞིབ་བྱས་པ་དང་། བྱེད་སྒོའི་ཇུས་འགོད་རྩ་འཛུགས་དང་། ནང་དོན་གྱི་ཁྱད་ཆོས། གཉེར་སྐྱོང་དོ་དམ། ཁྲོམ་རའི་ཚུར་སྣང་། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་ཉན་པ་དང་། དགུན་དུས་ཀྱི་གངས་འཁྱགས་ཐོན་ཁུངས་སྤྱད་དེ་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་བསྐྲུན་པའི་བྱེད་སྒོ་དང་། “འཁྱག་གྲང་པའི་ཐོན་ཁུངས”དེ“ཚ་པའི་དཔལ་འབྱོར”ལ་བསྒྱུར་བའི་བྱེད་སྟངས་ལ་ཁས་ལེན་བྱས། ཁོས་ནན་གྱིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། ཁྱད་ཆོས་ལྡན་པའི་བྱེད་སྒོའི་སྒྲིག་ཆས་འཁོར་སྐྱོད་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ས་ཁོངས་མཐུན་སྦྱོར་དང་ལས་རྣམ་མཉམ་འདྲེས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ཁུངས་ནུས་ཆེའི་སྒོ་ནས་གཅིག་བསྡུས་བྱས་ཏེ། ས་ཁོངས་རིག་གནས་ཀྱི་གོ་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གངས་འཁྱགས་བྱེད་སྒོའི་རྣམ་པ་སྔར་ལས་གསར་གཏོད་བྱས་ནས་གངས་འཁྱགས་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། གངས་འཁྱགས་དཔལ་འབྱོར་གྱི་དུས་མཚམས་ཡོངས་དང་ཡུལ་ལྗོངས་མང་པོའི་འཛད་སྤྱོད་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཡུལ་སྐོར་བ་སྔར་ལས་མང་པོའི་མཐོ་སྒང་གི་དགུན་དུས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པའི་གངས་འཁྱགས་དཔལ་འབྱོར་ལ་ཀུན་གྱིས་དགའ་བསུ་བྱེད་པ་དང་། དཔལ་འབྱོར་གྱི་ཡོང་འབབ་བཟང་བ། དམངས་འཚོར་ཕན་པ་ཆེན་པོ་བྱུང་། ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་མོལ་སྲིད་གླེང་དང་ངོས་འཛིན་གཅིག་མཐུན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་མཐོ་སྒང་ལུས་གསོ་དང་དུས་ཚིགས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་སྤེལ་ལ་རོགས་རམ་བྱས་ཏེ། མཐོ་སྒང་གི་ལུས་གསོ་དང་དགུན་དུས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་གོའཕེལ་རྒྱས་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཝང་ཞོན་རྟོག་ཞིབ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།