
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། ངེས་པར་དུ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་དགོས་པ་བསྟན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ས་གནས་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་ངོས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། བསྡུར་གཞི་ཡོད་པའི་དགེ་མཚན་ཧུར་ཐག་འདོན་སྤེལ། སྒུལ་ནུས་གསར་པ་གཅིག་བསྡུས་དང་ཐོན་ལས་གསར་པ་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན།
རབས་གསར་པའི་མི་ཐབས་རིག་ནུས་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། གནམ་ལོ་གསར་ཚེས་ཀྱི་དུས་སུ། ཧྲང་ཧའེ་ཡིས་མི་ཐབས་རིག་ནུས་ཀྱི་ཞིབ་ཕྲའི་བཀོལ་སྤྱོད་རྣམ་པ50སྔོན་ལ་ཡོངས་བསྒྲགས་བྱས་ཏེ། མགྱོགས་མྱུར་སྒོས་ལག་རྩལ་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར།
ན་ནིང་གི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་ཡི“དཔེ་འགྲོས་བར་སྟོང”གི་དཔེ་དབྱིབས་ཆེན་པོ་གསར་གཏོད་ཀྱི་སྐྱེ་ཁམས་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། སྤྱི་ཁྱབ་ཧྲུའུ་ཅིས་མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་བསྟན། ཁོང་གིས་ཧྲང་ཧའེ་ཡིས“འཚོལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་ཕྱོགས་གང་ཅིའི་ཐད་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་བྱེད་དགོས”པའི་བླང་བྱ་བཏོན།
སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལོ་གསར་པའི་ནང་དུ། ཧྲང་ཧའེ་ཡིས་རང་ངོས་ཀྱི་དཔེ་དབྱིབས་ཆེན་པོའི་ཞིབ་སྤེལ་གཅིག་སྡུད་དང་། རྩིས་ཤུགས་རྨང་གཞིའི་སྒྲིག་བཀོད་སྔོན་ཐོན། འཇོན་མི་རྩེ་གྲ་མང་བ། གྲོང་ཁྱེར་ཆེ་གྲས་ཀྱི་བཀོལ་སྤྱོད་རྣམ་པ་ཕུན་སུམ་ཚོགས་པ་སོགས་དམིགས་བསལ་གྱི་ལེགས་ཆར་གཞི་ཚུགས་ཏེ། མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་དང་། “མི་ཐབས་རིག་ནུས་དང་བཟོ་སྐྲུན”གྱི་ཆེད་དོན་འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་ཏེ། 2028ལོར་སླེབས་སྐབས། ཁེ་ལས་ཆེ་གྲས་ཀྱི་རིག་ནུས་བཟོ་གྲྭ་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུའི་འཆར་གཞི་ཡོད།
ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐང་ཝུན་ཁེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་ནས། ད་ལོར་ང་ཚོས་ཧྲང་ཧའེ་ཡི་དགེ་མཚན་དང་དགོས་མཁོར་དམིགས་ཏེ། “མི་ཐབས་རིག་ནུས་དང་འགུལ་སྐྱོད།”“ལས་རིགས་རེར་ཐབས་ཇུས་རེ”། ཐོན་ལས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་སོགས་ལག་བསྟར་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་། གོམ་སྟབས་ཡག་པོ་སྤོ་བར་འགན་ལེན་བྱེད་དགོས་ཟེར།
2023ལོའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས་དང་གནས་ཡུལ་གལ་ཆེན་མང་པོ་རུ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཁ་གསལ་སྒོས་བཏོན། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་། ཤུགས་རྒྱག་ས་གལ་ཆེན་ཡིན། ཁོང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོས་དོན་དངོས་དང་བསྟུན་པ་དང་། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་སྟོན་བཅས་བྱས་ཏེ། ས་གནས་ཀྱི་ཐོན་ཁུངས་རང་སྤུས་དང་། ཐོན་ལས་རྨང་གཞི། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་སོགས་ལ་གཞིགས་ནས། གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། ས་གནས་སོ་སོས་ས་གནས་ཀྱི་དགེ་མཚན་འདོན་སྤེལ་དང་། ས་གནས་ཀྱི་ཁྱད་ཆོས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་།
ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་ཀྱི་དགེ་མཚན་སྤྱད་དེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས། དུས་སྐབས་འདིར། ཡུན་ནན་ཆུས་ཅིན་ལིས་གློག་རྫས་ཀྱི་ལྡོག་སྣེའི་རྒྱུ་ཆ་གཞི་གཅིག་ཅན་གྱི་རྣམ་གྲངས་ཚོད་ལྟ་བྱེད་འགོ་བརྩམས། ས་གནས་དེས་ཕུན་སུམ་ཚོགས་པའི་ལིས་དང་། ལིན་སོགས་གཏེར་རྫས་ཐོན་ཁུངས་ལ་བརྟེན་ནས། ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་ནང་འདྲེན་དང་། ཡར་སྔོན་གྱི“གཏེར་འདོན་རྒྱུ་ཆ་འཚོང་བའི”རྣམ་པ་ནས།“རྒྱུ་ཆས་གློག་རྫས་བཟོ་བའི”རྣམ་པར་བསྒྱུར། ད་ལོར། ཡུན་ནན་གྱིས་ཐོན་ཁུངས་ཅན་གྱི་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་། ཕན་འབྲས་ཆེར་གཏོང་གི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བ་དང་། སྲོལ་རྒྱུན་ཐོན་ལས“ལས་སྣོན་ཞིབ་ཚགས་དང་རིན་ཐང་ཐོལ་བརྒལ”གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་རེད། ཉིན་ཞ་རུ། རི་བོ་ཉིའུ་ཧྲོའུ་ཡི་ཆུ་འཐེན་ནུས་གསོག་གློག་ཁང་གི་ཁྱུ་ཚོགས་མགྱོགས་མྱུར་སྒོས་བསྐྲུན་པ་དང་། འབྱུང་འགྱུར་ནུབ་བྱང་ས་ཁུལ་གྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་གི་ཁྱུ་ཚོགས་སུ་འགྱུར་རྒྱུ་རེད། ལྗོངས་ཁུལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་གཞི་ཚུགས་ཏེ། ཉིན་ཞ་ཡིས་ལྗང་མདོག་གློག་གཏོང་ཁུལ་དང་། ནུས་ཁུངས་གསར་པའི་རྟེན་གཞིའི་འཛུགས་སྐྲུན་གྱི་གཙོ་གནད་ཆེན་པོ་གཉིས་ལ་དམིགས་ཏེ། ནུས་ཁུངས་གསར་པའི་མཁོ་སྤྲོད་གཞི་ཁྱོན་དང་། བསྡུར་ཚད་མུ་མཐུད་དུ་མཐོ་རུ་གཏོང་བཞིན་ཡོད།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཡུས་ཞང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་དོན་དངོས་ལ་གཞིགས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་དགོས་པ་བསྟན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས་ཉིང་ཞའི་ད་ཡོད་ཀྱི་གནས་ཡུལ་དང་། ནུས་ཁུངས། ཁྱད་ལྡན་ཐོན་ལས་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། རྣམ་པ་གསར་བའི་ནུས་ཁུངས་མ་ལག་གང་མགྱོགས་སྒོས་རྩ་འཛུགས་བྱས་ཏེ། ནུས་ཁུངས་གསར་པ་དང་གྲངས་འཛིན་ཆ་འཕྲིན། དེང་རབས་རྫས་འགྱུར་བཟོ་ལས། རྣམ་པ་གསར་བའི་རྒྱུ་ཆ་སོགས་ཐོན་ལས་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཡུལ་བབ་དང་བསྟུན་ནས་བཟོ་སྐྲུན་ལས་རིགས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གཏོད་དགོས། ཧུའུ་ནན་གྱིས་བཟོ་སྐྲུན་འཕྲུལ་ཆས་དང་ལྕགས་ལམ་འགྲིམ་འགྲུལ་སོགས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཀྱི་དགེ་མཚན་ལ་བརྟེན་ནས། གཙོ་གནད་ཐོན་ལས་སྦྲེལ་ཐག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྤྱོད་ལག་བསྟར་དང་། སྟོད་སྨད་རྒྱུད་ཁེ་ལས་ཀྱིས་རིག་ནུས་བཟོ་གྲྭ་དང་། མཉེན་གཤིས་འཁོར་ཁང་། རིག་ནུས་བཟོ་གནས་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གསར་དར་རྐང་འཛིན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས།
ཧུའུ་ནན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཧུའུ་ཡུས་ཧུའེ་ཡིས་བཤད་རྒྱུར། ལོ་གསར་པར། ང་ཚོས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས5དང་། ཐོན་ལས་མུ་ཕྲེང་གི་ཕྲེང་སྦྲེལ་གཙོ་བོའི་ཁེ་ལས་བཅུ་གསུམ་གྱིས་སྣེ་འདྲེན་བྱས་ཏེ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་གཞི་ཁྱོན་ཆེན་པོས་བེད་སྤྱོད་ཀྱི་དཔེ་སྟོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གྱི་ཐོན་ལས་ལ“མྱུ་གུ་གསར་པ་རྒྱས་པ”དང་གསར་དར་ཐོན་ལས་ལ“གྲུབ་འབྲས་གཡུར་དུ་ཟ་བ”མངོན་འགྱུར་བྱ་རྒྱུ་ཡིན་ཟེར།
ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྦྱིན། ལོ་གསར་པའི་ལོ་འགོར། ཀྲེ་ཅང་གིས་སྐོར་ཐེངས་དང་པོའི་ཞིང་ཆེན་རིམ་པའི་ཚོད་ལྟའི་ལས་སྟེགས11གི་མིང་ཐོ་སྤྱི་བསྒྲགས་བྱས་ནས། ཚན་རྩལ་གྲུབ་འབྲས་ཀྱི“མཐའ་མའི་འགག་གནད”སེལ་གང་ཐུབ་བྱས། གསར་གཏོད་ཀྱི་ཐོན་ཁུངས་གཅིག་བསྡུས་དང་། ཐོན་ལས་མུ་ཕྲེང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། ད་ལོར། ཀྲེ་ཅང་གིས་སྲིད་ཇུས་ཀྱི་སྣེ་ཁྲིད་དང་། ལས་སྟེགས་ཀྱི་འདེགས་སྐྱོར། དངུལ་རྩའི་འགན་ལེན། ཆེད་ལས་ཞབས་ཞུ་མཐུན་སྦྱོར་བཅས་ཀྱི་ཚུལ་སྒྱུར་མ་ལག་མགྱོགས་མྱུར་ངང་སྒྲིག་འཛུགས་བྱས་ཏེ། གསར་གཏོད་ཀྱི་གྲུབ་འབྲས་སྔར་བས་མང་པོ“ཚོད་ལྟ་ཁང”ནས“ཐོན་སྐྱེད་ལས་རིམ་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད། ད་ལོར། ཨན་ཧུའེ་ཡིས་ཚན་རིག་ཆེན་མོའི་སྒྲིག་ཆས་ཁྱུ་ཚོགས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་རྨང་གཞི་བརྟན་པོར་རྐང་ཚུགས་ཏེ། གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་སྔར་བས་སྐུལ་འདེད་དང་། མ་འོངས་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས།
ཨན་ཧུའེ་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ལི་གོ་དབྱང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོང་འོག་མཉམ་ལས་དམ་པོ་བྱེད་པའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་སྒྲིག་འཛུགས་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་བར་ཇེ་མགྱོགས་སུ་གཏོང་དགོས། ང་ཚོས་རྒྱུན་མཐུད་ངང་ཚད་རྡུལ་ཚན་རྩལ་དང་འདུས་འགྱུར་ནུས་ཁུངས། བར་སྣང་འཚོལ་ཞིབ་ཚད་ལེན་བཅས་ཀྱི་ཚན་རྩལ་གསར་གཏོད་སྣེ་ཁྲིད་ཀྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་མི་ཐབས་རིག་ནུས་དང་། མཉམ་འདྲེས་སྐྱེ་དངོས། སྔོན་ཐོན་ཉིང་ནུས་སོགས་ཀྱི་འགྲན་ལམ་གསར་པ་མགྱོགས་མྱུར་ངང་འཆར་འགོད་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས་ཟེར།