མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིས་གྲོས་འདོན་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
ཁུངས། ཀློག་གྲངས།

ཟླ1པའི་ཚེས19ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་འདོན་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་གྲོས་འདོན་གྲོས་གཞིའི་རྒྱུ་ཆའི་ཐད་ལས་གཅིག་སྡུས་གྲོས་སྡུར་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་ཀུང་དང་། མཱ་ཧྥུའུ་ཁྲང་། པིས་ཧྲིན་ལུང་། ཆོ་ཡ་ཆུན། ཤ་བོ་སྒྲོལ་མ། ཀུའོ་ཆིན་ཕིང་། ཏུང་ཆོན་མེན། ཅང་ཀྲི་ཀང་བཅས་གྲོས་སྡུར་ཁྲོད་ཞུགས། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མེན་བཞུགས་མོལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་བྱས།

ཚོགས་འདུ་ལས་རྫོང་ཁོངས་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དངོས་ཟོག་འཁོར་རྒྱུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེར་གཏོང་བ། ལྗང་མདོག་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཡོངས་ལུས་སྦྱོང་གི་སྤྱི་བའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་དང་། ནུས་ཁུངས་གསར་པའི་ཐོན་ལས་སླར་སྐྱེས་ཐོན་ཁུངས་ཕྱིར་བསྡུ་བེད་སྤྱོད་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ཀྱི་གྲོས་གཞི་འདོན་པའི་ཐད་ནས་ཞིབ་སྡུར་བརྗེ་རེས་བྱས།

ཚོགས་འདུ་ལས་བལྟས་ན། ད་ལོའི་གྲོས་འདོན་གྲོས་གཞིའི་རྒྱུ་ཆ་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་དང་མཐུན་ཞིང་། འཕེལ་རྒྱས་ཀྱི་དོན་དངོས་དང་མི་དམངས་མང་ཚོགས་ཀྱི་རེ་འདོད་མངོན་པས་སྤུས་ཚད་ཇེ་མཐོར་སོང་ཡོད་པར་འདོད། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱར་དམིགས་ཏེ། གྲོས་གཞི་རེ་རེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཞིང་ཞིང་ཆེན་གྱི་གནས་ཚུལ་དང་འཚམ་པར་ཁག་ཐེག་བྱེད་དགོས། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དང་འཐབ་ཇུས་ངེས་གནས་ལ་རྐང་བཙུགས་ཏེ། མདུན་བལྟའི་རང་བཞིན་དང་ཁ་གཏད་རང་བཞིན་ལྡན་པའི་གྲོས་གཞི་འདོན་པ་དང་། མང་ཚོགས་ཀྱི་ཆེས་ཐད་ཀར་དང་ཆེས་དོན་དངོས་ཀྱི་ཁེ་ཕན་རེ་ཞུ་བསྡུ་ལེན་བྱེད་དགོས། འབྲེལ་ཡོད་ལས་ཁུངས་སོ་སོས་བསམ་བཀོད་གཅིག་གི་བསམ་བློ་བརྟན་པོར་བཙུགས་ཏེ། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། འཐུས་མི་སོ་སོས་རྟོད་ཞིབ་དཔྱད་སྡུས་གཏིང་ཟབ་ཏུ་སྤེལ་བ་དང་། ཚོགས་ཞུགས་གྲོས་ཞིབ་ནན་མོར་བྱེད་པ། དབང་ཆ་ཡང་དག་པར་བཀོལ་བ་དང་།  ཁྲིམས་བཀོད་འགན་འཁྲི་ལག་བསྟར་བཟང་པོ་བྱས་ནས་གྲོས་འདོན་གྲ་སྒྲིག་བྱ་བ་གཏིང་ཟབ་ཏུ་སྒྲུབ་པ་དང་། དོན་དངོས་དང་ཞིབ་ཚགས་ཀྱི་སྒོ་ནས་སྒྲུབ་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།