
ཟླ1ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྲིན་ཏུང་ལ“རིམ་པ་དང་པོའི་མཁའ་སྐྱོད་པའི་བྱས་རྗེས་གཟེངས་རྟགས”གནང་བ་དང་ ། ཁྲིན་ཀྲུང་རུའེ་དང་ཝང་ཅེ་གཉིས་ལ“དཔའ་བོ་མཁའ་སྐྱོད་པའི”གཟི་བརྗིད་མཚན་སྙན་གནང་བ་མ་ཟད། “རིམ་པ་གསུམ་པའི་མཁའ་སྐྱོད་པའི་བྱས་རྗེས་གཟེངས་རྟགས”གནང་བའི་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས། ཆོད་དོན་གྱི་ནང་དོན་གཤམ་གསལ་ལྟར།
2025ལོའི་ཟླ4པའི་ཚེས24ཉིན། ལྷ་གྲུ་ཨང་ཉི་ཤུ་པའི་མི་སྡོད་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། མཁའ་སྐྱོད་པ་ཁྲེན་ཏུང་དང་ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་འཕུར་གྲུ་ལ་བསྡད་དེ་བདེ་བླག་ངང་ཐེན་ཧི་གྲུ་ཚང་དུ་བཅའ་སྡོད་བྱས། འཁོར་ལམ་དུ་བསྡད་ནས་ཟླ་དྲུག་ལྷག་འགོར་བ་དང་། སྔ་རྗེས་སུ་གྲུ་ཚང་ནས་ཐེངས4ལ་ཕྱི་རུ་བུད་དེ། ཐེག་ཁུར་དངོས་ཟོག་རླངས་སྒོ་གྲུ་ཚང་ནས་འགྲོ་འོང་ལས་འགན་ཐེངས་7ལག་བསྟར་བྱས་པ་དང་། བར་སྣང་ས་ཚིགས་འཛུགས་སྐྲུན་རིམ་སྤོར་སྲུང་སྐྱོང་ཉམས་གསོའི་ལས་འགན120ལྷག་འགྲུབ་ཅིང་། བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་སྤེལ་ནས། 2025ལོའི་ཟླ་བཅུ་གཅིག་པའི་ཚེས14ཉིན་བདེ་འཇགས་ངང་ཕྱིར་ལོག ལྷ་གྲུ་ཨང་ཉི་ཤུ་པའི་མི་སྡོད་འཕུར་སྐྱོད་ལས་འགན་ནི་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་དེ་བར་སྣང་ས་ཚིགས་སུ་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་དུས་རིམ་དུ་སླེབས་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཐེངས་ལྔ་བ་ཡིན་ལ། ཀྲུང་གོའི་མཁའ་སྐྱོད་པའི་ཚན་ཆུང་འཁོར་ལམ་དུ་སྡོད་པའི་ཆེས་རིང་བའི་དུས་ཚོད་ཀྱི་ཟིན་ཐོ་བསྐྲུན་པ་དང་། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་གྱིས་གོམ་སྟབས་གསར་པ་སྤོས་པ་མཚོན་པས། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་འགྲིལ་ཤུགས་མཐོར་འདེགས་སུ་བཏང་ཞིང་། ཀྲུང་ཧྭའི་བུ་བུ་མོའི་མི་རིགས་ཡིད་རྟོད་དང་སྤོབས་སེམས་སྔར་ལས་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། ལྷག་པར་དུ་འཕུར་གྲུ་ལ་བར་སྣང་གི་ཆག་གྲུམ་ཕྲན་བུ་ཕོག་པའི་ཐོལ་བྱུང་གི་གནས་ཚུལ་ལ་དམིགས་ཏེ། བཟོ་སྐྲུན་དེས་ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཀྱི་རྩ་དོན་ཨང་དང་པོར་བཟུང་སྟེ། མགྱོགས་མྱུར་ངང་དང་ལེན་བྱེད་པ་དང་དབྱེ་ཞིབ་དང་དཔྱད་དཔོག་ནན་མོ་བྱས། འཕུར་སྐྱོད་པ་གསུམ་པོས་བབ་བརླིང་སྒོས་གདོང་གཏད་དེ་གནམ་གྱི་ཕྱི་རོལ་ནས་འཕུར་གྲུ་བརྗེ་བ་དང་། ཚན་ཆུང་གི་བློ་སེམས་གཅིག་ཏུ་སྒྲིལ་བ་དང་གནམ་ས་གཞི་གཅིག་ཏུ་བཟུང་སྟེ། འཕྲལ་བསྟུན་སྔོན་ཇུས་གཞིར་བཟུང་ནས་བདེ་བླག་ངང་སར་བབས་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་འབད་འབུངས་ཧུར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ལ་སྐུལ་ལྕག་གནང་།
ལྷ་གྲུ་ཨང་ཉི་ཤུ་པའི་མི་སྡོད་འཕུར་སྐྱོད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེར་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པ་དང་མཁའ་སྐྱོད་པ། ལས་བྱེད་ལས་བཟོ་བ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ཡོད། བློ་མཐུན་ཁྲེན་ཏུང་དང་ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་ཡིན། ཁོ་ཚོས་བློ་གཅིག་སེམས་གཅིག་གིས་ཏང་ལ་ཕྱོགས་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་བཞག་པ་དང་། ཉེན་ཁར་མི་སྐྲག་པ་དང་མཐུན་སྒྲིལ་རོགས་ལས་བྱས་ཏེ། འཛམ་གླིང་ལ་ཀྲུང་གོའི་བློ་སྟོབས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་གཏིང་ཤུགས་བཅས་མངོན་པར་བྱས། བློ་མཐུན་ཁྲེན་ཏུང་གིས་མི་སྡོད་འཕུར་སྐྱོད་ལས་འགན་ཐེངས་གསུམ་ལ་ལག་བསྟར་བྱས་པ་དང་། བསྡོམས་པས་གྲུ་ཚང་ནས་ཐེངས་དྲུག་ལ་ཕྱི་རུ་བུད་པས། འཁོར་ལམ་དུ་སྡོད་པའི་དུས་ཚོད་ཉིན400ལས་བརྒལ་བའི་ཀྲུང་གོའི་མཁའ་བསྐྱོད་པ་ཐོག་མ་རུ་གྱུར། བློ་མཐུན་ཁྲེན་ཀྲུང་རུའེ་ནི་བློ་རྩ་བརྟན་ཞིང་ལས་འགན་འཁུར་བའི་སྙིང་སྟོབས་ལྡན་ལ། ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོལ་སྤྱོད་བྱས་པས། ཐེངས་དང་པོར་འཕུར་སྐྱོད་བྱེེད་དུས་ཐེངས་གསུམ་ལ་གྲུ་ཚང་ནས་ཕྱི་རུ་བུད། བློ་མཐུན་ཝང་ཅེ་ཡིས་ཏན་ཏིག་གིས་དཀའ་སྤྱད་སྦྱོང་བརྡར་བྱས་པས། གཟི་བརྗིད་ལྡན་པའི་ངང་ལྷ་གྲུ་ཨང་ཉི་ཤུ་པར་བསྡད་དེ། ཕུལ་དུ་བྱུང་བའི་སྒོ་ནས་ལས་འགན་ལེགས་འགྲུབ་བྱས། ཁོ་ཚོས་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་ལས་དོན་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཁྲེན་ཏུང་ལ“རིམ་པ་དང་པོའི་མཁའ་སྐྱོད་པའི་བྱས་རྗེས་གཟེངས་རྟགས”གནང་བ་དང་། བློ་མཐུན་ཁྲེན་ཀྲུང་རུའེ་དང་ཝང་ཅེ་གཉིས་ལ“དཔའ་བོ་མཁའ་སྐྱོད་པའི”གཟི་བརྗིད་མཚན་སྙན་གནང་བ་མ་ཟད། “རིམ་པ་གསུམ་པའི་མཁའ་སྐྱོད་པའི་བྱས་རྗེས་གཟེངས་རྟགས”གནང་རྒྱུ་ཐག་བཅད།
བློ་མཐུན་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ནི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། བླ་ན་མེད་པའི་ལས་དོན་གྱི་ཆེད་དུ་བློས་གཏོང་བྱས་པའི་དུས་རབས་ཀྱི་གདོང་ལེན་པ་དང་། འཇིག་རྟེན་འཚོལ་ཞིབ་དང་། བར་སྣང་འཛུགས་སྐྲུན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དཔེ་དམག་གི་མིག་དཔེ་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་ལ། གཟེངས་བསྟོད་ཐོབ་པའི་མཁའ་སྐྱོད་པ་མིག་དཔེར་བཟུང་ནས། ངེས་ཤུགས་སྲུང་འཛིན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། བློ་སྟོབས་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་བསྒྲུབ་པ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་འབོད་སྐུལ་བཏང་།