
ཟླ1ཚེས20ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་ཟབ་མོ་བྱས་ལ། 2025ལོའི་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚོགས་འདུ་བསྡུ་མཁན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ཏུ། ལིའུ་ཐུང་ཏི་དང་། ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་སོགས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་བཅོ་བརྒྱད་ཀྱིས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ། ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཞིང་ཆེན་ཏང་ཨུའི་འགན་སྒྲུབ་བླང་བྱ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་ཟབ་མོ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བཟུང་སྟེ། ཚོགས་འདུའི་སྒྲིག་སྲོལ་གྱི་བླང་བྱ་ནན་མོར་སྲུང་བ་དང་། མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན། མཐོ་སྒང་ཁམས་གསོ་ཐོན་ལས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སོགས་ཁྱབ་ཁོངས་གཙོ་བོ་དམིགས་སུ་བཟུང་སྟེ་བློ་འདོན་ཇུས་འབུལ་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་ཤུགས་བཏོན་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་ལ་ནན་ཏན་སྒོས་ཉན་པ་དང་ལན་རེར་ཚང་མ་དང་མཉམ་དུ་བརྗེ་རེས་གྲོས་སྡུར་བྱས། ཁོས་བསྟན་དོན། 2025ལོའི་ཚུན་དུ། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་སྒྲུབ་རྩ་དོན་ཁོང་དུ་ཆུད་པར་བྱས་ཤིང་། མཚོ་སྔོན་ལ་ཆ་རྒྱུས་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་འགན་འཁྲིའི་ཁག་ཁུར་ལ་བརྟེན་ནས། འགན་སྒྲུབ་བྱེད་ཐབས་གསར་གཏོད་དང་འགན་སྒྲུབ་སྤུས་འབྲས་མཐོ་རུ་བཏང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་རིམ་སྤོར། དམངས་འཚོ་འགན་སྲུང་སོགས་གནད་འགག་ཁྱབ་ཁོངས་སུ་འགན་སྒྲུབ་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་ཐོབ་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི་ལོ་རེད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལེགས་པོར་བསྡུ་བ་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམིགས་སུ་འཛིན་པ་དང་། ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་ཐད་དོན་སྙིང་གལ་ཆེན་ལྡན། རྒྱ་ཆེའི་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་ལངས་གནས་དངོས་གནས་ཇེ་མཐོར་གཏོང་བ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྣ་ཚོགས་མཐའ་གཅིག་ཏུ་དངོས་འབེབས་བྱེད་དགོས་ལ། འགན་འཁྲིའི་ཁག་ཁུར་ཆེན་པོར་བརྟེན་ནས་ཚོགས་ཆེན་གཉིས་ཀྱི་སྟེགས་བུའི་སྟེང་ཡར་བསྐྱེད་ཀྱི་བསམ་པ་བཅངས་པ་དང་དྲང་ནུས་ཀྱི་སྟོབས་ཤུགས་བརྒྱུད་སྒྲོག་བྱས་ནས། འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་སྔར་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། ཞིབ་ཆ་དོད་པོའི་སྒོ་ནས་གྲོས་འདོན་དང་ཚོགས་ཆེན་གཏམ་བཤད། དམངས་འདོད་ཆ་འཕྲིན་སོགས་ཁ་གསབ་དང་འཐུས་ཚང་དུ་བཏང་སྟེ། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་སྟོབས་ལྡན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ཚོགས་འདུར་ཡག་པོར་ཞུགས་པ་དང་འགན་སྒྲུབ་བཟང་པོ་བྱེད་པ། འོས་འགན་མཐའ་འཁྱོལ་གྱིས་སྒྲུབ་དགོས་ཤིང་། སྤུས་ཚད་མཐོ་བའི་སྲིད་འདོན་ཇུས་འབུལ་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རོགས་ཤུགས་འདོན་དགོས། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིང་གིས་བརྩེ་བ་ཟབ་མོས་ཞབས་ཞུའི་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཤུགས་དྲག་ཏུ་བཏང་སྟེ་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་དགོས། སྔོན་ཆད་ཀྱི་ཉམས་མྱོང་སྤྱི་བསྡོམས་དང་བཀོལ་སྤྱོད་བྱས་ཏེ། དྲིལ་སྒྲོག་ཁྱབ་སྤེལ་ཐད་རྩ་འཛུགས་ཞིབ་མོ་བྱེད་པ་དང་། ཕྱོགས་སོ་སོ་དང་ཟུར་མང་པོ་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་གཏམ་རྒྱུད་ལེགས་པོར་འཆད་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་སྲིད་གྲོས་སྲིད་གླེང་གི་ལག་ལེན་གྲུབ་འབྲས་མངོན་པར་བྱས་ཏེ། ཨུ་ཡོན་གྱིས་འགན་སྒྲུབ་ཁུར་ལེན་བྱེད་པའི་དུས་རབས་ཀྱི་གཟི་ཉམས་ཡོངས་སུ་མངོན་པར་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།