ཞིང་ཆེན་དམངས་ཆེན་རྒྱུས་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲ་སྒྲིག་བྱ་བར་དམིགས་ནས་འཚམས་འདྲི་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ1ཚེས20ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རྩིས་བཤེར་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་སོགས་ལ་སོང་སྟེ་འཚམས་འདྲི་རྟོག་ཞིབ་བྱས་ཏེ། སྒོ་མདུན་ནས་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས་པ་དང་། ཕྱོགས་གཉིས་ཀྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་འཚོག་པར་གྲ་སྒྲིག་གང་ལེགས་བྱས།

རྟོག་ཞིབ་བཞུགས་མོལ་ཁྲོད། སྡེ་ཁག་དང་ལས་ཁུངས་སོ་སོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམངས་ཆེན་གྱི་ལྟ་སྐུལ་དང་ལེན་དང་དམངས་ཆེན་གྱི་ཁྲིམས་འཛུགས་ལ་རྒྱབ་སྐྱོར་བྱས་པ། གཙོ་གནད་བྱ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་བླངས་པ་སྙན་ཞུ་ཕུལ་བར་མ་ཟད། ཁྲིམས་འཛུགས་ཀྱི་གནད་འཁེལ་རང་བཞིན་ཤུགས་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་གྱི་དངོས་ཕན་རང་བཞིན་མཐོར་འདེགས་གཏོང་བ། འཐུས་མིའི་འགན་སྒྲུབ་བྱེད་ནུས་ཇེ་མཐོར་གཏོང་བ་སོགས་ཕྱོགས་ནས་བསམ་ཚུལ་དང་གྲོས་གཞི་བཏོན།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྡེ་ཁག་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་ཁག་ཁུར་འདུ་ཤེས་དྲག་པོ། འབུར་ཐོན་ལས་དོན་མང་བ། མཐུན་སྦྱོར་གཞོགས་འདེགས་ལེགས་པ་བཅས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་དངོས་གཉེར་གྱི་བྱེད་ཕྱོགས་དང་དངོས་ཡོད་ཀྱི་འཇོན་ནུས་མངོན་པར་བྱེད་དགོས། བྱ་བའི་མཉམ་ཤུགས་སྔར་ལས་གཅིག་སྡུད་བྱས་ཏེ། ཤུགས་ཆེན་པོས་དམངས་ཆེན་དང་སྲིད་གཞུང་། སྡེ་ཁག་ལས་ཁུངས་དང་སྤྱི་ཚོགས་ལས་རིགས་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དགེ་མཚན་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གྲུབ་འབྲས་དེ་མཚོ་སྔོན་སྲིད་ཀྱིས་སྐྱོང་བའི་དོན་དངོས་གྲུབ་འབྲས་སུ་བསྒྱུར་དགོས། དཀྱིལ་སྙིང་དང་སྤྱི་ཡོངས་ལ་དམིགས་ཏེ། གཙོ་འགན་གཙོ་དོན་ལ་རྐང་འཛུགས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་དང་དམ་དུ་སྦྲེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས། མི་དམངས་བླ་ན་མེད་པའི་འདུ་ཤེས་ལག་བསྟར་བྱས་ཏེ། ལག་བསྟར་སྲིད་ཇུས་གཏན་འབེབ་དང་། སྔོན་རྩིས་དང་ལས་གཞི་བཀོད་སྒྲིག  བཅོས་སྒྱུར་སྐུལ་འདེད་སོགས་ཀྱི་བྱ་བའི་ཁྲོད་དུ། དམངས་ཀྱི་རེ་འདུན་ལ་ཉན་པ་དང་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། དམངས་ཀྱི་སེམར་ཁུར་སེལ་བ་དང་དམངས་སེམས་ལ་དྲོད་འཁོལ་སྦྱིན་རྒྱུ་གཙོར་བཟུང་ནས། འཕེལ་རྒྱས་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་སྒོས་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།