
ཟླ1ཚེས20ཉིན་ནས་ཚེས21ཉིན་བར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཁོངས་མི། ནོར་སྲིད་པུའུ་ཡི་པུའུ་ཀྲང་ཀྲུའུ་ཧུའུ་ཞང་གིས་འཚམས་འདྲི་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་ཁུར་མི་སྣ་མཉམ་དུ་འཚམས་འདྲིར་བསྐྱོད།
འཚམས་འདྲི་ཚན་ཆུང་སྔ་རྗེས་སུ་ཀྲུང་གོ་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུས་བཞི་པའི་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ལི་ཧའོ་དག་གཙང་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་ཐུང་ཏ་སྣུམ་ཚིལ་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས་སུ་སོང་ནས། ཁེ་ལས་ཀྱི་འཁོར་ཁང་དང་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་བསྐྱོད་དེ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བཅོས་སྒྱུར་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྒྱ་ཆེའི་ལས་བཟོ་པས་ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད། གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐུལ་ལྕག་བྱས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དགོན་ལུང་སྤྱི་གླིང་བཟོ་ཚོགས་ས་ཚིགས་དང་། ཟི་ལིང་གྲོང་ཁྱེར་ལྷོ་གཞུང་ནུབ་ལམ་ཧྲུན་ཧྥུང་མྱུར་སྐྱེལ་སྡེབ་སྐྱེལ་ཚིགས་གནས་སུ། ངལ་རྩོལ་དཔེ་ལེགས་དང་མྱུར་སྐྱེལ་པ། མངག་སྐྱེལ་མཁན། ཁོར་ཡུག་འཕྲོད་བསྟེན་བཟོ་པ་སོགས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་ལོ་གསར་གྱི་སྨོན་འདུན་ཕུལ་བ་མ་ཟད། ཚང་མས་རང་གི་ལས་གནས་ལ་རྐང་བཙུགས་ནས་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་འཆམ་མཐུན། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས་པའི་སྐུལ་ལྕག་བྱས། དཀའ་ངལ་ཡོད་པའི་ལས་བཟོ་པའི་ཁྱིམ་དུ། ཁོ་ཚོའི་འཚོ་བ་དང་བྱ་བའི་གནས་ཚུལ་འདྲི་རྩད་ཞིབ་མོ་བྱས་པ་དང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་རོགས་སྐྱོར་བྱ་བ་ཡག་པོར་སྒྲུབ་སྟེ། དཀའ་ངལ་ཡོད་པའི་ལས་བཟོ་པར་གཞི་རྩའི་འཚོ་བའི་འགན་སྲུང་གི་བདེ་འཇགས་དྲ་བ་དམ་ཟབ་འཛུགས་དགོས་པའི་རེ་བ་བཏོན།
འཚམས་འདྲི་ཚན་ཆུང་གིས་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས“དྲོད་ཁོལ་སྐྱེལ་བའི”ཁྱུ་ཚོགས་གཙོ་བོར་དམིགས་ཏེ། “དྲོད་ཁོལ་སྐྱེལ་བའི”ནང་དོན་རྒྱ་སྐྱེད་ནུས་ལྡན་བྱེད་པ་དང་། བཟོ་ཚོགས་ཀྱི“དྲོད་ཁོལ་སྐྱེལ་བའི”བྱ་བའི་ཟོང་རྟགས་དངོས་སུ་བསྐྲུན་ཏེ། “དུས་ཆེན་གཉིས”ཀྱི་སྐབས་སུ་ཞབས་ཞུ“མཚམས་མི་ཆད་པ”དང་། དྲོད་ཁོལ་ནམ་ཡང་གནས་པར་ཁག་ཐེག་བྱས་ནས། རྒྱ་ཆེའི་ལས་བཟོ་པས་སེམས་ཁུར་དང་གཅེས་སྐྱོང་དངོས་སུ་ཚོར་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན།
ཤ་བོ་རིན་མཚོས་བསྒྱུར།