

ཟླ8པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལིས་ཝུན་ལ་མཇལ་འཕྲད་གནང་།
ཟླ8པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལིས་ཝུན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་གནས་བབ་འདིའི་མདུན་དུ། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་རེས་བྱེད་དགོས་པ་ལས་ཕན་ཚུན་ཁ་བྲལ་དུ་གཏོང་བ་དང་ཕན་ཚུན་ཁ་གཏད་དུ་ལངས་མི་རུང་། མི་དམངས་ཀྱིས་སྒོ་འབྱེད་ཡར་ཐོན་ཡོང་བར་རེ་བ་བྱེད་ཀྱིན་ཡོད་པ་ལས་བཀག་སྡོམ་ཕྱིར་བཤོལ་ལ་རེ་ལྟོས་བྱེད་ཀྱིན་མེད། ཀྲུང་གོ་དང་ཨ་མེ་རི་ཁ་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། ལོ་རྒྱུས་དང་མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་དགོས་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་གི་འབྱུང་རྩ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡོ་བྱད་དུ་འགྱུར་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་འབྲེལ་འདྲིས་བྱེད་པར་ཆེས་གཙོ་གནད་དུ་གྱུར་པ་ནི། ཕན་ཚུན་བར་འཐབ་ཇུས་ཀྱི་ལྟ་བ་ཡང་དག་པ་འཛིན་རྒྱུ་དེ་ཡིན་ལ། ཐོག་མར་ཀྲུང་གོ་དང་ཨ་མེ་རི་ཁ་ནི་དོན་དམ་དུ་འགྲན་ཡ་ཡིན་ནམ་ཡང་ན་ཟླ་གྲོགས་ཡིན་པའི་སྤྱི་འདོམས་ཀྱི་གནད་དོན་དེར་ལན་གསལ་པོ་འདེབས་དགོས། ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡིན་པ་དང་། འཐབ་ཇུས་ཀྱི་བསམ་འདུན་གཞུང་དྲང་གཡོ་མེད་ཡིན་ལ། དེས་ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་བ་བརྒྱུད། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དུས་མཚུངས་སུ། རྒྱལ་ཁབ་གཞན་དག་དང་མཉམ་དུའཕེལ་རྒྱས་གཏོང་འདོད་ཡོད་ལ། མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁར་འཛིན་པའི་སྲིད་ཇུས་ལ་ཚད་མཐོའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀར་ཆ་མཚོན་ནས་བཤད་ན། སོ་སོའི་གནས་ཚུལ་དང་སོ་སོའི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནའང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་རྩེ་གཅིག་ཏུ་གཞོལ་བའི་དམིགས་འབེན་ལ་དུས་ནམ་ཡང་འགྱུར་བ་བྱུང་མེད་ཅིང་། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་གཞིར་བཟུང་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ལ་འགྱུར་བ་བྱུང་མེད་ལ། རང་ངོས་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་མཐུད་ཡོང་བར་བྱེད་པའི་འབད་བརྩོན་ལ་འགྱུར་བའང་བྱུང་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཤེས་རིག་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། བགྲོད་ལམ་མི་འདྲ་བའི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་གོ་ལ་ཧྲིལ་པོ་འདིའི་སྟེང་ཞི་བདེ་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཡོང་ཐུབ་པའི་ཡང་དག་པའི་མཉམ་གནས་ཀྱི་བགྲོད་ལམ་ཞིག་བཙལ་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བས་བརྟན་བརླིང་རྒྱུན་འཁྱོངས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པའི་རྨང་གཞིའི་སྟེང་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཡག་པོ་ཡོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོམ་གང་མདུན་སྤོས་ངང་རྒྱང་དུ་བསྐྱོད་ཐུབ་པར་བརྩོན་ལེན་བྱེད་དགོས་པའི་རེ་ལྟོས་ཆེ་ཞེས་གསུངས།
ཧྲ་ལིས་ཝུན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་ལྡོག་བཏང་མེད་ཅིང་། ཐའེ་ཝན་ཀྲུང་གོ་བཀག་འགོག་བྱེད་པའི་ལག་ཆར་བརྩི་འདོད་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུའི་རེ་བ་འཛིན་བཞིན་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།