
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་དེ་རིང་སྟེ་ཟླ2པའི་ཚེས4ཉིན་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ད་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་འགྲེལ་ཀློག་བྱས་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གཙིགས་སུ་འཛིན་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
ཀྲུང་དབྱང་གི་ཡིག་ཆ་དང་པོས་དུས་བབ་གསར་པ་དང་བླང་བྱ་གསར་པར་དམིགས་ནས། ད་ལོའི་“ཞིང་གསུམ”ཁྱབ་ཁོངས་ཀྱི་ལས་འགན་གལ་ཆེན་དང་གཙོ་གནད་བྱ་བ་གཏན་ཁེལ་གསལ་བོ་བྱས། མདོར་བསྡུས་ན་“ལས་འགན་གཙོ་བོ་བཞི་དང་འདེགས་སྐྱོར་འགན་སྲུང་ཆེན་པོ་གཉིས་”རེད།“ལས་འགན་གཙོ་བོ་བཞིའི་ནང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་། རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་ལག་བསྟར་བྱ་རྒྱུ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་བརྩོན་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་བཅས་འདུ།
ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་རྒྱུན་གཏན་བྱ་བའི་ཆེད་བསྐོས་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧན་ཝུན་ཞིའུ་ཡིས་བཤད་རྒྱུར། ང་ཚོས་དོན་དངོས་དང་ཟུང་འབྲེལ་དང་གནད་ཁེལ་ཇུས་འདོན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས་ཟེར།
“འདེགས་སྐྱོར་འགན་སྲུང་ཆེན་པོ་གཉིས”ནི་སོ་སོར་སྒྲིག་གཞི་རྐྱེན་སྲོལ་གྱི་གསར་གཏོད་ལ་ཤུགས་སྣོན་པ་དང་ཏང་གིས“ཞིང་གསུམ”བྱ་བའི་ཐད་ཀྱི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དེ་ཡིན། ཏང་གི་འགོ་ཁྲིད་ཀྱི་དགེ་མཚན་ཆེ་ཤོས་འདི་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་དེ་རྩ་བའི་སྒུལ་ཤུགས་སུ་བརྩིས་ནས། ཞིང་དར་ཞིང་ཕན་དང་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་ཆེར་སྐྱེད་དགོས། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཀྲུང་དབྱང་གིས་བསྟུད་མར་བཏོན་པའི་“ཞིང་གསུམ་”བྱ་བར་མཛུབ་སྟོན་བྱེད་པའི་ཡིག་ཆ་ཨང་14པ་ཡིན་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་པ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་ཐག་གཅོད་པར་དམིགས་ནས། དངོས་གཉེར་གོ་ཆོད་དང་རིན་ཐང་ལྡན་པའི་སྲིད་ཇུས་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བཏོན་པ་དང་། དམངས་འཚོའི་དོན་དངོས་ཁག་ཅིག་སྒྲུབ་གང་ཐུབ་བྱེད་རྒྱུ་རེད།