
ཟླ2པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ལ་ཞལ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་འབྲེལ་གཏུག་བཟང་པོ་རྒྱུན་འཁྱོངས་བྱས་ལ། ཧྥུའུ་ཧྲན་དུ་བདེ་བླག་ངང་མཇལ་འཛོམས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་ཁ་ཕྱོགས་བསྟན་པར། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ། ངས་ཀྲུང་ཨའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་གསར་བར། ངས་ཁྱེད་དང་ལྷན་དུ་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་མུ་མཐུད་དུ་རླུང་རླབས་བརྒལ་ནས། བརྟན་བརླིང་ངང་མདུན་དུ་སྐྱོད་པར་སྣེ་ཁྲིད་དེ། དོན་ཆེན་དང་དོན་བཟང་མང་ཙམ་སྒྲུབ་འདོད་ཡོད། ཨ་རི་ཕྱོགས་ལ་ཨ་རི་ཕྱོགས་ཀྱི་དོ་ཁུར་ཡོད་པ་དང་ཀྲུང་གོ་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་བཤད་དོན་གནས་དང་། གང་བྱས་མཐའ་འཁྱོལ། ཁ་བཤད་ལག་བསྟར་བཅས་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྣམ་འགྱུར་བཟུང་ནས་མདུན་སྐྱོད་བྱས་ཚེ། ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་པའི་ཐབས་ཤེས་རྙེད་ཐུབ། ད་ལོ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀར་གྲོས་རིམ་གལ་ཆེན་མི་ཉུང་བ་ཡོད་དེ། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཚུགས་ལ། ཨ་རིས་མི་འགྱངས་པར་རྒྱལ་ཁབ་དབུ་བརྙེས་ནས་ལོ250འཁོར་བའི་ཉིན་མོ་བསུ་ངེས་ཤིང་། རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་གཙོ་སྒྲུབ་བྱ་ངེས། ཕྱོགས་གཉིས་པོས་ང་ཚོའི་དབར་གྲུབ་པའི་གཅིག་མཐུན་ལྟ་བར་གཞིགས་ནས། སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་དང་། འགལ་བར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་དངོས་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས་ལ། དགེ་བ་ཆུང་བར་བསམ་ནས་ལས་མི་བྱེད་པ་དང་། སྡིག་པ་ཆུང་བར་བསམ་ནས་དོ་སྣང་མི་བྱེད་པ་སྤང་ནས། བྱ་བ་རེ་རེ་བཞིན་སྒྲུབ་དགོས་པ་དང་ཕན་ཚུན་རྒྱུན་མི་ཆད་པར་ཡིད་ཆེས་བྱེད་དགོས་ལ། ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་ཞིག་བཏོད་དེ། 2026ལོ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་ལོ་ཞིག་ཏུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐའེ་ཝན་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་རེད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་དགོས་པ་ལས། ཐའེ་ཝན་ནམ་ཡང་ཁ་བྲལ་གཏོང་དུ་འཇུག་མི་སྲིད། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་ཐའེ་ཝན་ལ་དམག་ཆས་འཚོང་བའི་གནད་དོན་ཐག་གཅོད་གཟབ་ནན་བྱ་དགོས།
ཐི་ལང་ཕུའུ་ཡིས་བསྟན་དོན། ཨ་རི་དང་ཀྲུང་གོ་གཉིས་ཀ་རླབས་ཆེན་གྱི་རྒྱལ་ཁབ་གཉིས་ཡིན་ལ། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་རླབས་ཆེན་གྱི་འབྲེལ་བ་ཡོད་པས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སུ་མཉམ་འགུལ་ཡག་པོ་བྱས། ངས་ཀྲུང་གོའི་རྒྱལ་ཁ་མཐོང་འདོད་ལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ངས་ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ངའི་འགན་ཡུན་དུ་ཨ་ཀྲུང་འབྲེལ་བ་བརྟན་པོ་རྒྱུན་འཁྱོངས་བྱེད་འདོད་ཡོད།