
ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་བཅུ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མེ་ཕིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་ཚའོ་ཅུན་གྱིས་གྲོས་ཚོགས་ལས་འགོ་འཛིན་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔར་ལས་གསུམ”གྱི་བླང་བྱ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་གལ་ཆེན་འགོག་ཟོན་བྱེད་པ། བཟོ་ལས་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐབས་ཇུས་བཀོད་སྒྲིག་ལ་དོ་སྣང་ཆེན་པོ་བྱས་ཏེ། བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། སྐོར་ཞིབ་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། མུ་མཐུད་དུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱས་ཏེ། ལྟ་སྐུལ་གྱི་ཟིལ་ཤུགས་དང་མཐིལ་བརྟོལ་ནུས་པ་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བཏང་ནས། མང་ཚོགས་རྣམས་ཀྱིས་ཚོར་ཐུབ་ཅིང་ཉམས་སུ་མྱོང་ཐུབ་པར་བྱེད་དགོས་ཞེས་བསྟན།
ཐེངས་འདིའི་སྐོར་ཞིབ་ཟླ3པའི་ཟླ་དཀྱིལ་ནས་ཟླ6པའི་ཟླ་དཀྱིལ་བར་སྤེལ་རྒྱུ་ཡིན་ལ། ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱི་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ཁོལ་འཁྱུར་དམག་མི་ལས་དོན་ཐིང་། ཞིང་ཆེན་ཚན་རིག་ལག་རྩལ་ཐིང་། ཞིང་ཆེན་རྩིས་བཤེར་ཐིང་། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་འཕྲིན་བཅར་ཅུས། ཞིང་ཆེན་བསྡོམས་རྩིས་ཅུས། ཞིང་ཆེན་རྒྱལ་སྲུང་སྐུལ་སློང(མི་དམངས་མཁའ་སྲུང)གཞུང་སྒྲུབ་ཁང་། ཞིང་ཆེན་ཕྱི་འབྲེལ་ལས་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་སོགས་ཏང་ཙུའུ11ལ་རྒྱུན་ལྡན་སྐོར་ཞིབ་བྱ་རྒྱུ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་བཅས་ཏང་ཙུའུ་གསུམ་ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཆེད་དམིགས་སྐོར་ཞིབ་བྱ་རྒྱུ་ཡིན་ཞིང་། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཚོ་ཤར་བཟོ་ལས་གླིང་ཁུལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་བཅས་ལ་རིམ་སྤོར་སྐོར་ཞིབ་བྱེད་རྒྱུ་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོས་རྫོང་རིམ་པའི་གླིང་ཁུལ་ལ་རིམ་སྤོར་སྐོར་ཞིབ་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།