ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

ཟླ3པའི་ཚེས2ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་དྲུག་ཅུ་པ་བསྡུས། གྲོས་ཚོགས་ལས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ལིའུ་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེང་ཡུང་། ཁྲིན་ཏུང་ཁྲང་བཅས་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལས་དམིགས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ད་ལོའི་ཏང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། དམངས་ཆེན་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་རྒྱུ་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དེས་མཚོ་སྔོན་གྱི་དམངས་ཆེན་བྱ་བར་བཏོན་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དེ་ཇི་མ་ཇི་བཞིན་དུ་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། བསྐོ་འཐེན། དོན་དག་གལ་ཆེན་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་དགོས། སྲོག་ཤིང་གི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་ཐབས་ལམ་ཡང་དག་པར་བཙལ་ཏེ། བྱ་བ་ཚང་མས་ཆབ་སྲིད་ཀྱི་ཞིབ་བཤེར་དང་ལག་ལེན་གྱི་ཞིབ་བཤེར། མི་དམངས་ཀྱི་ཞིབ་བཤེར། ལོ་རྒྱུས་ཀྱི་ཞིབ་བཤེར་བཅས་ཐེག་ཐུབ་པར་ཁག་ཐེག་བྱས་ནས། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་རེ་བ་སྟོང་ཟད་དུ་མི་གཏོང་བ་བྱེད་དགོས། བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་བསྣན་ནས།“སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྤེལ་བའི”ཐོག་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཁག་ཐེག་བྱེད་པ་དང་།     ཏན་ཏིག་གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་དམངས་ཆེན་གྱི་བྱ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་། གསར་གཏོད་ཀྱི་རྣམ་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་དམངས་ཆེན་གྱི་བྱས་རྗེས་གསར་པ་འཇོག་དགོས་པ་ནན་གྱིས་བསྟན།

ཤ་བོ་རིན་མཚོས་བསྒྱུར།