
རྒྱ་ལོ་ཚེས་བཅོ་ལྔའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས། ཟླ3པའི་ཚེས2ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱི་མངགས་བཅོལ་ལྟར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཝང་ཀྲིན་ཁྲང་། ལིའུ་ཏ་ཡེ་བཅས་སྐུ་འབུམ་དུ་སོང་ནས་དགེ་འདུན་པར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ནང་བསྟན་ལས་རིགས་དང་ཆོས་དད་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་འཚམས་འདྲིར་ཞུགས།
འཚམས་འདྲིའི་སྐབས་སུ། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་གླེང་མོལ་བྱས་ནས། དགོན་པའི་རྒྱུན་ལྡན་གྱི་དོ་དམ་དང་རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས། དེ་མིན་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ལོ་ངོ་མང་པོའི་རིང་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་། ཚུལ་ཁྲིམས་དམ་དུ་བསྲུངས་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། “མོས་མཐུན་ལྔ”རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཆེད་དུ་དྲང་ནུས་སྔར་ལས་མང་པོ་གཅིག་སྒྲིལ་བྱ་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།
སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་ལས་ཆེ་རུ་བཏང་ནས། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་སྟེ། ཆོས་ཁྲིམས་དང་འདུལ་ཁྲིམས་ནན་སྲུང་དང་། སྒྲུབ་སྦྱོང་ནན་མོ་བྱེད་པ། དད་ལྡན་པ་རྣམས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དུ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བསྟན།
ཤ་བོ་རིན་མཚོས་བསྒྱུར།