【འཐུས་མི་དང་ཨུ་ཡོན་གྱི་འགན་སྒྲུབ་གཏམ་རྒྱུད】ཀྲང་ཅུན་ཅེ་ཡིས་ནད་ཐོག་སྨན་བཅོས་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་དེ་གསོ་རིག་འཇོན་མི་སྐྱེད་སྲིང་ཐད་ནུས་པ་བཏོན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དེ་རིང་གི《འཐུས་མི་དང་ཨུ་ཡོན་གྱི་འགན་སྒྲུབ་གཏམ་རྒྱུད》ཅེས་པའི་ལེ་ཚན་ནང་། ང་ཚོས་ཡུན་རིང་བོར་མང་ཚོགས་ཀྱི་བདེ་ཐང་ལ་དོ་སྣང་བྱས་ཏེ། ལོ་ངོ་ཉི་ཤུའི་རིང་ནད་ཐོག་སྨན་བཅོས་ཀྱི་ལས་དོན་བསྒྲུབས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཅུན་ཅེ་ལ་རྒྱུས་ལོན་ཞིག་བྱ།

ཀྲང་ཅུན་ཅེ་ནི་ནན་ཅིང་གྲོང་ཁྱེར་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ཡིན། ནད་དཔྱད་ཁང་དུ་ཁོས་སུའུ་ཆན་ནས་ཡོང་བའི་ནད་པ་ཞིག་ལ་བརྟག་བཤེར་བྱེད་བཞིན་ཡོད། གློག་ཀླད་ལས་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་སྤྲིན་བརྙན་པར་སྟེགས་བུ་བརྒྱུད་དེ་ནད་པས་གྲོང་ཁྱེར་གཞན་ནས་ཞིབ་བཤེར་བྱས་པའི་མཇུག་འབྲས་ལ་ལྟ་ཐུབ།

2023ལོར་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིར་བདམས་རྗེས། ཀྲང་ཅུན་ཅེ་ཡིས་གྲོས་གཞི་བཅུ་ལྷག་སྤྲད་པ་དང་། མང་ཆེ་ཤོས་ནི་ནད་བརྟག་སྨན་བཅོས་ཐད་ཀྱི་གནད་དོན་དང་དཀའ་གནད་ཀྱི་སྐོར་རེད། དེའི་ནང་གསོ་རིག་བརྙན་པར“སྤྲིན་སྤྱིན་ཤོག”ཅེས་པ་མྱུར་དུ་བཀོལ་སྤྱོད་བྱ་རྒྱུའི་གྲོས་གཞིར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ལན་འབྱོར་ཡོད།ད་ལྟ་ཅང་སུའུ་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་སྤྲིན་བརྙན་པར་སྟེགས་བུར་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས་སྟོང་གཉིས་ལྷག་ཞུགས་ཏེ། གཞུང་བཙུགས་སྨན་ཁང་གི་བརྙན་པར་གཞི་གྲངས་ཕན་ཚུན་མཉམ་སྤྱོད་བྱེད་ཐུབ་ཡོད། ད་ལོར་སྟེགས་བུ་དེས་ད་དུང་བརྟག་བཤེར་མཇུག་འབྲས་སྔར་ལས་མང་པོ་ཞིང་ཆེན་ཡོངས་སུ་ཁས་ལེན་པར་བྱ་རྒྱུ་རེད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཅུན་ཅེ་ཡིས་བཤད་རྒྱུར། སྤྲིན་བརྙན་པར་སྟེགས་བུས་ས་གཞན་གྱི་ནད་པར་སྨན་བཅོས་བྱེད་པར་སྟབས་བདེ་ཆེན་པོ་བཟོས་ཡོད་པར་མ་ཟད། སྨན་བཅོས་དང་སྨན་བཅོས་འགན་སྲུང་གི་ཐོན་ཁུངས་ཀྱང་གྲོན་ཆུང་བྱས་ཡོད། མ་ལག་ལེགས་སྒྱུར་བྱས་ཚེ་མང་ཚོགས་ཀྱི་སྨན་བཅོས་མྱོང་བ་སྔར་ལས་ཇེ་བཟང་དུ་གཏོང་ཐུབ་ཟེར།

མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ན་ནད་ཐོག་སྨན་བཅོས་དང་ཞིབ་འཇུག་གི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས། འདས་པའི་ལོ་གཅིག་གི་རིང་ལ་ཀྲང་ཅུན་ཅེ་ཡིས་ནད་ཐོག་གསོ་རིག་འཇོན་མི་སྐྱེད་སྲིང་བྱེད་པར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་རབ་དང་རིམ་པ་བྱས་ཡོད།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། ཀྲང་ཅུན་ཅེ་ཡིས་གསོ་རིག་ཚན་རྩལ་འཇོན་མིའི་གདེང་འཇོག་མ་ལག་ལེགས་སྒྱུར་སྐོར་གྱི་གྲོས་གཞི་འདོན་རྒྱུ་ཡིན་ལ། ཁོ་ཡོད་སའི་ནན་ཅིང་གྲོང་ཁྱེར་སྨན་ཁང་དང་པོས་དེའི་སྐོར་ནས་འབྲེལ་ཡོད་ཚོད་ལྟ་བྱས་ཡོད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཅུན་ཅེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་མོར་སྤེལ་དགོས་ཞེས་བསྟན་ཡོད། ངས་འབྲེལ་ཡོད་གྲོས་གཞི་བཏོན་ནས། དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ནད་ཐོག་སྨན་པ་རྣམས་བློ་གཅིག་སེམས་གཅིག་གིས་ནད་ཐོག་སྨན་བཅོས་དང་ནད་ཐོག་སྨན་བཅོས་ཞིབ་འཇུག་གསར་གཏོད་ཀྱི་ལས་ཀར་འཇུག་རྒྱུ་དང་། བཅོས་སྒྱུར་གྱི་གྲུབ་འབྲས་དེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་བདེ་ཐང་གི་བདེ་རྩ་རུ་བསྒྱུར་རྒྱུའི་རེ་བ་བཅངས་ཡོད་ཟེར།