
ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་མཆོག་དེ་རྒྱུན་འཁྱོངས་དང་བེད་སྤྱོད། འཕེལ་རྒྱས་གཏོང་དགོས་ཤིང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་དགོས་ལ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་དམིགས་བསལ་དུ་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། དམག་དཔུང་གི་འཐུས་མི་དང་རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། མགྲིན་གཅིག་ཏུ“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ། དམག་འཛུགས་ཀྱི་ལོ་བརྒྱར་འབད་འཐབ་བྱེད་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བར་དམིགས་ཏེ། ཆབ་སྲིད་དམག་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་རེའི་ཏང་གིས་འགོ་ཁྲིད་གནང་བའི་དཔའ་བོའི་དམག་དཔུང་འདི་ཉིད་སྔར་ལས་སྟོབས་དང་ལྡན་པར་བཏང་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཚུལ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། འཐུས་མི་དྲུག་གིས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཞིབ་འགག་སྒྲོལ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན། འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གནང་ནས་སྔར་མེད་པའི་ཆོད་སེམས་དང་སྟོབས་ཤུགས་ལ་བརྟེན་ནས་ཆབ་སྲིད་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གལ་ཆེན་བླངས་ཡོད། དམག་དཔུང་ནི་མེ་མདའ་འཛིན་མཁན་ཡིན་པས། དམག་དཔུང་ཁྲོད་ཏང་ལ་བློ་མི་དཀར་པའི་མི་ཡོད་མི་རུང་ལ། རུལ་སུངས་པ་སྦས་སྐུངས་བྱེད་ས་གཏན་ནས་ཡོད་མི་རུང་། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བརྩམས་མ་ཐག་ལྟ་སྐུལ་དོ་དམ་ནན་མོ་བྱེད་པའི་སྒྲིག་ལམ་དམ་པོ་བཙུགས་ནས་ལྟ་སྐུལ་དོ་དམ་གྱི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱ་རྒྱུར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཆི་ཝུའེ་ཀོང་གིས་བཤད་རྒྱུར། ཡུལ་དངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ལོ་འདི་དག་གི་རིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་སྣེ་ཁྲིད་དེ་སྟོབས་ལྡན་ཅན་དུ་བསྒྱུར་བའི་བླ་མེད་ཀྱི་ལོ་རྒྱུས་ཡིད་ལ་དབང་མེད་དུ་འཁོར་ཞིང་། སྦྱོང་བརྡར་གྱི་མཁའ་དབུགས་བཟང་བ་དང་། དམག་དཔུང་གོང་འོག་གིས་བློ་གཅིག་སེམས་གཅིག་གིས་དམག་འཐབ་ལས་དོན་ལ་དམིགས་པ། གྲ་སྒྲིག་ཡག་པོ་བྱས་ནས་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་ཚོར་ཐུབ་པས། ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་པ། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་། བསམ་བློ་དང་ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐོག་ནས་དཔུང་སྡེ་སྟོབས་ཆེར་བཏང་སྟེ་མེ་མདའ་ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ལག་ཏུ་འཛིན་ཐུབ་པར་འགན་ལེན་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སུན་ལེ་ཡིས་བཤད་རྒྱུར། གོ་མཚོན་སྒྲིག་ཆས་དེང་རབས་ཅན་དུ་ཇི་ཙམ་གྱུར་ན། ཤེས་ལྡན་མི་སྣའི་དཔུང་ཁག་དེ་ཙམ་གྱིས་གསར་བརྗེ་ཅན་དང་ཆེད་ལས་ཅན་དུ་འགྱུར་དགོས། དུས་རབས་ལ་འཕེལ་རྒྱས་ཇི་ལྟར་བྱུང་རུང་ཆབ་སྲིད་ཀྱི་ཚད་གཞི་ནི་ནམ་ཡང་ཚད་གཞི་ཨང་དང་པོ་ཡིན། དམག་འཐབ་ནུས་པ་ནི་ཐོག་མཐའ་བར་གསུམ་དུ་སྲོག་ཤིང་གི་ནུས་པ་ཡིན་པས་ངེས་པར་དུ་ལྷག་བསམ་རྣམ་དག་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་“མེ་མདས་ངའི་ཁ་ལ་ཉན་པ་དང་། ངས་ཏང་གི་ཁ་ལ་ཉན་པ ” ལེགས་པར་བསྒྲུབ་དགོས། ངེས་པར་དུ་ཚན་རྩལ་གྱི་འགྱུར་ལྡོག་དང་། དམག་འཁྲུག་གི་འགྱུར་ལྡོག ཁ་གཏད་ཀྱི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་ཏེ་དམག་དོན་བྱང་ཚད་ཀྱི་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྤྱོད་ཡོན་གཉིས་ལྡན་དང་དམག་དཔུང་སྟོབས་ལྡན་གཏོང་བའི་འགན་འཁྲི་ལྕི་མོ་འཁུར་ཐུབ་པའི་དམག་དོན་ཤེས་ལྡན་པ་གསར་པ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
དམག་དཔུང་སྟོབས་ལྡན་གཏོང་དགོས་ན་ཐོག་མར་ཆབ་སྲིད་ཐོག་སྟོབས་ལྡན་ཡིན་དགོས། ཆབ་སྲིད་ཐད་ཀྱི་སྟོབས་ལྡན་ནི་ཆེས་རྩ་ཆེའི་སྟོབས་ལྡན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས། རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཏང་གིས་དམག་དོན་ལ་དོ་དམ་དང་། ཏང་གིས་ལས་བྱེད་པར་དོ་དམ། ཏང་གིས་ལས་རིགས་ལ་དོ་དམ་བྱེད་རྒྱུར་མཐའ་འཁྱོངས་བྱེད་པ། གསར་བརྗེ་ཅན་དང་ཆེད་ལས་ཅན་གྱི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཚང་མས་སློབ་སྦྱོང་གཏིང་ཟབ་བྱས་རྗེས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པ་རྟོགས་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཅང་ཞའོ་ཏུང་གིས་བཤད་རྒྱུར། ཁ་སང་གི་ཚོགས་ཆེན་ཐོག ངས་ང་ཚོའི་མདའ་དཔུང་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཉམས་སད་ཐེག་ཐུབ་པའི་གཞི་རིམ་འཛུགས་སྐྲུན་ཐད་ཀྱི་བྱེད་སྟངས་དང་ཕན་འབྲས། གྲོས་འགོ་བཅས་སྙན་སེང་ནང་ཡར་ཞུ་བྱས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་ཞིང་། མུ་མཐུད་དུ་བྱ་བ་ལེགས་པར་བསྒྲུབ་དགོས་ཞེས་སྐུལ་ལྕག་གནང་བྱུང་། ང་ཚོས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། རྩ་བ་སྲུང་ཞིང་མྱུ་གུ་གསར་པ་གསོ་སྐྱོང་བྱེད་པ། རྒན་རབས་པ་ཚོའི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་དང་སྒྲོག་བཤད་ཡག་པོ་བྱེད་པ། ཉེ་འགྲམ་གྱི་སྔོན་ཐོན་དཔེ་ལེགས་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱ་རྒྱུ་ཡིན་ལ། དཔོན་དམག་ཚོ་དུས་རབས་གསར་པའི་དཔའ་བོའི་རྗེས་རབས་པ་བྱེད་པ་དང་དམག་དཔུང་སྟོབས་ལྡན་གཏོང་བ་དང་དམག་འཐབ་ལས་རྒྱལ་ཐུབ་པར་བྱེད་པའི་བྱ་བར་ཞུགས་པ། བློ་དཀར་ཞིང་འགན་འཁྲི་གཙང་སྒྲུབ་བྱེད་པ། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་སོ་སོར་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པར་སྐུལ་ལྕག་གཏོང་རྒྱུ་ཡིན།
ཀྲུང་དབྱང་དམག་ཨུའི་ཆབ་སྲིད་བྱ་བའི་པུའུ་ཡི་ལས་སྒྲུབ་མི་སྣ་དབྱང་ཡུང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་ནི་དམག་དཔུང་སྟོབས་ལྡན་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རྩ་བའི་ལེགས་ཆ་ཡིན་པར་གསལ་བོར་བསྟན་ཡོད། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གོམ་སྟབས་གསུམ་གྱི་འཐབ་ཇུས་གསར་པར་ལེགས་སྒྲིག་བྱེད་པའི་ལོ་རྒྱུས་ཀྱི་འགག་སྒོ་རུ། ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་གནད་འགག་འདི་དམ་འཛིན་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམག་འཐབ་སྣེ་ཁྲིད་དང་འཛུགས་སྐྱོང་དམ་འཛིན། འགག་སྒྲོལ་དཀའ་སེལ་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་བརྟན་པོར་བརྟེན་ནས་དཔུང་སྡེའི་འཛུགས་སྐྱོང་དང་འཕེལ་རྒྱས་དེ་ལམ་ཕྱོགས་ཡང་དག་པར་འགྲོ་བར་འགན་སྲུང་བྱས་ཏེ། དམག་དཔུང་སྟོབས་ལྡན་གཏོང་བའི་འཆར་གཞི་རིམ་བཞིན་མངོན་འགྱུར་ཡོང་བར་བྱེད་དགོས།
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན། དམག་དཔུང་གི་འཐུས་ཚབ་དང་རྒྱ་ཆེའི་དཔོན་དམག་གིས་གནས་བབ་གསར་པ་དང་ལས་འགན་གསར་པར་ཁ་གཏད་ནས། སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་དང་ཐུགས་ཁུར་ཟབ་མོ་དེ་འབད་འཐབ་བྱེད་པ་དང་དམག་དཔུང་སྟོབས་ལྡན་གཏོང་བའི་འགན་འཁྲི་འཁུར་སེམས་དང་བསམ་པའི་སྒུལ་ཤུགས་སུ་བསྒྱུར་ཏེ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། བློ་ཐག་ཆོད་པོས་གསར་གཏོད་བྱས་ནས། དངོས་སྒྲུབ་བྱས་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་རྒྱུགས་ལན་ལེགས་པོ་སྤྲོད་རྒྱུ་ཡིན་པ་བསྟན།
ཀྲུང་དབྱང་དམག་ཨུའི་འཐབ་ཇུས་འཆར་འགོད་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ་ཝང་ཧའོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཛུགས་སྐྲུན་དང་། ལྷག་པར་དུ་འགོ་རྩོམ་པའི་ལོ་འདིའི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱེད་པ་ལ་དམིགས་འབེན་ལས་འགན་ཁ་གསལ་བཟོས་ཞིང་། ཚན་རིག་དང་མཐུན་པའི་ཁྲིད་སྟོན་མཁོ་འདོན་བྱས་ཡོད། འཐབ་ཇུས་འཆར་འགོད་ཀྱི་ལས་སྒྲུབ་མི་སྣ་ཞིག་ཡིན་པའི་ཆ་ནས། ངས་ཕྲག་ཐོག་གི་འགན་འཁྲི་ལས་འགན་རི་ལྟར་ལྕི་བ་ཚོར་བྱུང་། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ཐིག་དང་འཛུགས་སྐྲུན་འཆར་གཞི་ཇུས་འགོད་བྱ་རྒྱུ་ཡིན་ལ། དམག་འཐབ་དང་འཛུགས་སྐྱོང་གི་གཅིག་གྱུར་འཆར་འགོད་དང་ས་ཁོངས་ལས་བརྒལ་བའི་གཅིག་གྱུར་འཆར་འགོད། དམག་དཔུང་དང་ས་གནས་བར་གྱི་གཅིག་གྱུར་འཆར་འགོད་བཅས་ལ་ཤུགས་སྣོན་པ་དང་། འཆར་འགོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་བོ་ལ་ཆེད་ལས་ཅན་གྱི་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། འགུལ་རྣམ་ཅན་གྱི་གནད་ཁེལ་སྙོམས་སྒྲིག་ལེགས་པོ་བྱེད་པ། བྱ་བ་སོ་སོ་ལེགས་འགྲུབ་བཅས་བྱས་ནས། འཛུགས་སྐྲུན་གྱི་གྲུབ་འབྲས་སོ་སོས་ལོ་རྒྱུས་དང་དངོས་འཐབ་ཀྱི་ཉམས་སད་ཐེག་ཐུབ་པར་འགན་སྲུང་བྱེད་རྒྱུ་ཡིན།
མེ་ཤུགས་འཕུར་མདའི་དམག་དཔུང་གི་སྒྲིག་ཨུའི་ལས་སྒྲུབ་མི་སྣ་ལི་ཡུང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་གསར་པ་འགོ་བརྩམས་མ་ཐག་ཏུ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་སྒྲིག་ལམ་བརྟན་པོ་འཛུགས་དགོས། ལྟ་སྐུལ་སྒྲིག་བསྟར་སྡེ་ཁག་ཡིན་པའི་ཆ་ནས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་པ་དང་འབྲེལ་ཏེ། གནད་འགག་ཆེ་བའི་ཉུང་ཤས་དང་གནད་འགག་ཆེ་བའི་རིམ་པ་དམ་འཛིན་བྱེད་པ། རྣམ་གྲངས་གལ་ཆེན་དང་ལས་གཞི་གཙོ་བོར་དམིགས་ཏེ། འགན་ནུས་སྡེ་ཁག་གི་ལྟ་སྐུལ་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གཉིས་ཀྱིས་མཉམ་དུ་ཤུགས་འདོན་པ་མཐའ་འཁྱོངས་བྱེད་པ། རུལ་སུངས་ཀྱི་ཁོར་ཡུག་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། འཆར་འགོད་འཛུགས་སྐྲུན་གྱི་སྤུས་ཚད་ལ་མཐའ་སྐྱོར་ཡོད་པ་དང་སྤྱོད་གཙང་ཐད་མཐའ་སྲུང་ཡོད་པར་འགན་སྲུང་བྱེད་དགོས།