
བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཨུ་ཡོན་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཚན་ཆུང་གིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་གྲོས་མོལ་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཞིན་གྱིས་སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན་ཚན་ཆུང་གི་གྲོས་མོལ་ནང་ཞུགས་སྐབས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་དགོས་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལག་བསྟར་བྱེད་པར་དམིགས་ཏེ། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག དམངས་གཙོའི་ལྟ་སྐུལ་སྤེལ་བ་བཅས་བྱས་ནས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུའོ་ཧྲའོ་རྨིན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་འཆར་ཟིན་གྱིས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་ཁ་ཕྱོགས་གསལ་པོ་བཏོན་པ་དང་། གཙོ་གནད་མངོན་གསལ་དོད་པ་དང་གྲོས་གཞི་མངོན་གསལ་དོད་པས་ཞབས་ཞུའི་འཛད་སྤྱོད་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཞིང་སྡེའི་ཟོག་འགྲེམས་དམངས་ཕན་ཞབས་ཞུའི་རིག་གནས་ཡུལ་སྐོར་སྤྲོ་གསེང་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་མང་ཚོགས་ཀྱིས་སྟབས་བདེ་དང་སྤུས་ལེགས་ཀྱི་འཛད་སྤྱོད་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲེན་གྱིས་བཟོ་ཞིང་ཏང་གི་ཨུ་ཡོན་ཚན་ཆུང་གི་གྲོས་མོལ་ནང་ཞུགས་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་དུ་འགྱུར་བའི་ཐད་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། ང་ཚོས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་ཧུར་ཐག་གིས་རོགས་འདེགས་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏའེ་ཧོ་ཀེན་གྱིས་བཤད་རྒྱུར། སྙན་ཞུའི་ནང“མི་ལ་དངུལ་གཏོང་བྱེད་པའི”འདུ་ཤེས་བཏོན་པ་དེ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཀྱི“མི་དམངས་ལྟེ་བར་བྱེད་པའི”འཕེལ་རྒྱས་ཀྱི་དགོངས་པ་ཞིབ་ཕྲ་མཚོན་པ་ཞིག་ཡིན་ལ། དེ་ལས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རིན་ཐང་ལྟ་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་དང་དམིགས་ཚད་ཀྱི་མཐའ་འབྲས་མངོན་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཏུང་ཧྥུང་གིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་གྲོས་མོལ་ཚོགས་འདུར་ཞུགས་སྐབས་བསྟན་དོན། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན། གྲུབ་འབྲས་གལ་ཆེན་ཐོབ་པའི་ཁྲོད་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་ཀྱིས་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་རྒྱུར་རམ་འདེགས་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁུན་གྱིས་བཤད་རྒྱུར། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང“སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་རྫས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྒྱུར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི”གྲོས་གཞི་བཏོན་ནས། རྩེ་རིམ་ཇུས་འགོད་ས་ཁོངས་ཀྱི་མཐུན་སྦྱོར་མ་དངུལ་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་སོགས་ཀྱི་ཐད་ཐབས་མང་མཉམ་སྤྱོད་ཀྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྟོབས་ཆེར་གཏོང་རྒྱུ་དང་། སྨན་བཅོས་གསུམ་མཐུན་སྦྱོར་འཕེལ་རྒྱས་ཀྱི་དམངས་ཕན་དམངས་འཚོར་ཕན་འདོགས་དགོས་པ་ནན་བཤད་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་ཧྲི་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རིག་ཚན་སྣོལ་སྡེབ་མཉམ་འདྲེས་བྱ་རྒྱུ་དེ་མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཀྱི་ཚད་བརྒལ་སར་བརྩིས་ཤིང་། མཐོ་རིམ་སློབ་གྲྭས་རྒྱལ་ཁབ་ཀྱི་འཐབ་ཇུས་འཕྲལ་མཁོའི་ཁྱབ་ཁོངས་ཀྱི་བཀོད་པ་གསར་དར་སྣོལ་སྡེབ་ཆེད་ལས་ཚོགས་པར་དམིགས་ཏེ། དངོས་གཞིའི་ཚན་ཁག་གི་སློབ་མ་སྔ་མོར་ཞིབ་འཇུག་ལས་གཞིར་ཞུགས་པ་དང་སྔ་མོར་ཚོགས་པར་ཞུགས་པ། ཆུ་ཚད་མཐོ་བའི་ཚན་ཞིབ་ཁྲོད་གསར་གཏོད་ཀྱི་སྦས་ཤུགས་འདོན་སྤེལ་བཅས་བྱས་ནས། སློབ་ཁྲིད་དང་ཚན་ཞིབ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།