མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

​རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་སྐབས།    མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་ལུའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།    ལིའུ་ཆི་ཧྥན་དང་ཝང་ལི་མིང་།   ཀྲང་ཅིན་ཀང་བཅས་གྲོས་ཚོགས་ལ་ཞུགས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།    རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ།   མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་།   ཆབ་སྲིད་གླེང་བ་དང་གྲོས་ཚོགས་བཟང་བོར་བསྡུ་བ།    འགན་འཁྲི་ལེགས་པོར་འཁུར་བ་བཅས་གྲོས་ཚོགས་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་པ་དང་།    ཆབ་སྲིད་ལངས་གནས་མཐོ་བ་དང་འགན་སྒྲུབ་ཀྱི་སྤྲོ་སེམས་ཆེ་བ།   ཕྱོགས་སོ་སོའི་གདེང་འཇོག་མཐོ་བ།    དྲིལ་སྒྲོག་བྱེད་ཤུགས་ཆེ་བ།    སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོ།   འགན་སྲུང་ཕན་ནུས་མཐོ་བ་བཅས་ཀྱི་སྒོ་ནས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས།   འཐུས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་སེམས་ཤུགས་ཡོད་ཚད་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ལག་ལེན་ཁྲོད་འདྲེས་པར་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་དང་མཚོ་སྔོན་གྱི་འཕེལ་རྒྱས་ཐད་འབོད་སྐུལ་བཏང་ཞིང་།  རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་ལ་མཉམ་དུ་གྲོས་མོལ་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ལ།    མི་ཚང་མས་རབ་མཛེས་མཚོ་སྔོན་གྱི་དྲིལ་སྒྲོག་པ་བྱེད་རྒྱུ་བརྩོན་ལེན་བྱས་ནས་བརྩེ་བ་ཟབ་མོ་དང་མྱོང་ཚོར་ཟབ་མོས་རང་གི་ཉེ་འགྲམ་གྱི་གཏམ་རྒྱུད་སྤྱད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་དང་མཚོ་སྔོན་གྱི་གཏམ་རྒྱུད་ཞིབ་ཏུ་བཤད་པ་དང་འཐུས་མིའི་གཟི་ཉམས་མངོན་པར་བྱས་པར་མ་ཟད།    ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས།  གྲོས་ཚོགས་ཀྱི་སྒྲིག་ཁྲིམས་བཅས་ནན་བསྲུང་བྱས་པ་དང་།    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚོགས་ཆེན་གྱི་བླང་བྱ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མངོན་པར་བྱས།    ལས་སྒྲུབ་མི་སྣ་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་ནས་མཉམ་ལས་བཟང་བོ་བྱས་ཏེ་བྱ་བ་སྣ་ཚོགས་ཀྱི་མཇུག་བཟང་བོར་བསྡུས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན།   ཚོགས་ཆེན་མཇུག་བསྒྲིལ་བ་ནི་དོན་འཁྱོལ་དམ་འཛིན་བྱེད་པའི་འགོ་བརྩམས་པ་ཡིན་པས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   ད་ལྟ་སྤེལ་བཞིན་པའི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་མཚོ་སྔོན་ནས་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།    སྨྱན་སྦྱོར་སྟེགས་བུ་སྣ་ཚོགས་གཅིག་འདོམས་བེད་སྤྱོད་བྱས་ཏེ་ཕྱོགས་ཡོངས་དང་ཟུར་མང་པོ་ནས་རྣམ་པ་སྣ་མང་གི་དྲིལ་སྒྲོག་སྒྲོག་བཤད་སྤེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འབད་འཐབ་གཏམ་རྒྱུད་བཟང་བོར་བཤད་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་བཟང་བོར་སྒྲོག་དགོས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་དང་། རྒྱལ་ཁབ་ཀྱི་པུའུ་ཨུའི་བར་གྱི་མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་།     གྲོས་གཞི་དང་བསམ་འཆར་སྔར་ལས་མང་པོ་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་སུ་འགྱུར་རྒྱུར་བརྩོན་ལེན་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  

ལུའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན།    རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བཟང་བོ་བྱེད་རྒྱུ་དེ་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་སེམས་ཤུགས་གཅིག་སྡུད་བྱེད་པ་དང་།   ཚོགས་ཆེན་སྐབས་སུ་གྲུབ་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྲ་བརྟན་དང་རྒྱ་བསྐྱེད།   འཁོར་སྐྱོད་བཅས་བཟང་བོ་བྱེད་པ།   རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལས་ཁུངས་དང་ཁེ་ལས།  སློབ་གྲྭ།  སྡེ་ཁུལ།  ཞིང་སྡེ།  དྲ་རྒྱ་བཅས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ།   མགྱོགས་མྱུར་སྒོས་སློབ་སྦྱོང་དང་དྲིལ་སྒྲོག    ལག་བསྟར་གྱི་ཚ་རླབས་འཕྱུར་བར་བྱས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཀུན་གྱི་སེམས་སུ་སིམ་པ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་པ་དང་།    རྒྱུན་མཐུད་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཏུ་འགྱུར་བར་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོར་རྩོམ་དགོས།

དབྱང་ཧྥེང་ཁྲུན་དང་ལིའུ་མའེ་ཕིན།   ཀྲང་ཙི་ཅུན།   ཀྲ་ཆིན་ཅིའུ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།