རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཕྱིར་ཟི་ལིང་དུ་ཐོན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ3པའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་མཇུག་བསྒྲིལ་རྗེས་ཕྱིར་ཟི་ལིང་དུ་ཐོན།

ཚོགས་ཆེན་གྱི་སྐབས་སུ། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ནན་ཏན་གྱིས་འགན་སྒྲུབ་མཐའ་འཁྱོལ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་གཙོ་གནད་བྱ་བར་དམིགས་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། གཞི་རིམ་གྱི་རེ་ལྟོས་དང་མང་ཚོགས་ཀྱི་སེམས་འདུན་ལ་ལན་ཡག་པོ་སྤྲད། འཐུས་མི་རྣམས་ཀྱིས་ངར་ཤུགས་རྒྱས་པའི་ཆབ་སྲིད་ཀྱི་སྤྲོ་སྣང་དང་དངོས་གཉེར་གྱི་འགན་སྒྲུབ་བྱེད་ཕྱོགས་ལ་བརྟེན་ནས། ཁྲིམས་ལྟར་གྲོས་གཞི2དང་གྲོས་འདོན90སྤྲད་ཅིང་། དེའི་ནང་དག་གཙང་ནུས་ཁུངས་དང་། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་སོགས་ཕྱོགས་མང་པོ་འདུས་ཡོད་པས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཡོད།

འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་བཤད་རྒྱུར། ཚོགས་ཆེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པས། འཐབ་ལམ་གསར་པའི་དམིགས་འབེན་ལས་འགན་ཧ་ཅང་གསལ་བོ་རེད། ཕྱིར་ལས་གནས་སྟེང་ལོག་རྗེས། ངས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དྲིལ་སྒྲོག་བཟང་པོ་བྱས་ཏེ། གཞི་རིམ་ལས་ཡུལ་དང་པོར་རྐང་བཙུགས་ནས་མང་ཚོགས་ཀྱི་རེ་འབོད་ལ་ཉན་པ་དང་། ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དངོས་སྒྲུབ་ཀྱི་བྱེད་ཐབས་སུ་བསྒྱུར་བ་དང་། སེམས་ཤུགས་གཉིས་བཀོལ་གྱིས་དམངས་འཚོའི་དོན་དངོས་ཡག་པོར་སྒྲུབ་ནས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འཐུས་མིའི་སྟོབས་ཤུགས་འབུལ་རྒྱུ་ཡིན།

འཐུས་མི་མཱ་ཧྲི་ཀུང་གིས་བཤད་རྒྱུར། འདི་ནི་སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་བསྐྱེད་ཐུབ་པའི་ཚོགས་ཆེན་ཞིག་ཡིན་ལ། ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བར་ཁ་ཕྱོགས་གསལ་སྟོན་དང་། སྒུལ་ཤུགས་བསྣན་ཡོད། གྲོང་གསེབ་དར་སྤེལ་གྱི་ལས་ཡུལ་དང་པོར་རྐང་ཚུགས་པར་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་དེ་ཐོན་ལས་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་སོགས་བྱེ་བྲག་གི་བྱ་བའི་ཁྲོད་དུ་ཇི་མ་ཇི་བཞིན་དངོས་འབེབས་བྱེད་པ་དང་། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྟོག་ཞིབ་ཟབ་མོ་བྱེད་པ། འགན་སྒྲུབ་ཁག་ཁུར་མངོན་པར་བྱས་ནས། ནུས་ཤུགས་ཡོད་རྒུས་གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་ཞིང་། མང་ཚོགས་སྔར་ལས་འབྱོར་ཕྱུག་ལྡན་པར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ནུས་ཤུགས་ཁ་སྣོན་བྱེད་འདོད་ཡོད།

ཁྲི་ལམ་རིང་མོར་བསྐྱོད་པའི་ངར་ཤུགས་རླུང་གིས་བཏེགས་ཤིང་། ལས་འགན་ལྕི་མོ་ཐེག་པའི་སྤོབས་པ་རབ་ཏུ་རྒྱས། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། འགན་འཁྲི་དམ་པོར་འཛིན་པ་དང་རེ་བཅོལ་སྟོང་ཟད་དུ་མི་གཏོང་བར། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་བརྒྱུད་སྒྲོག་བཟང་པོ་དང་དངོས་འབེབས་གང་ལེགས་བྱེད་ཅིང་།  ལས་གནས་ལ་རྐང་བཙུགས་ནས་ཁག་ཁུར་བྱེད་ཕྱོགས་མངོན་པར་བྱེད་པ། དངོས་སྒྲུབ་ནན་འཛིན་དང་ཞུམ་མེད་སྔོན་བརྩོན། དོན་དངོས་འགུལ་སྐྱོད་བཅས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།

རིག་འཛིན་སྒྲོལ་མས་བསྒྱུར།