ཞིང་ལས་རྒྱལ་ཁབ་སྟོབས་ལྡན་གྱི་དམིགས་འབེན་ལ་གཞིགས་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་དགོས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 4

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། ཞིང་གསུམ་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་དགོས་པ་དང་། ཞིང་ས་བཟང་བོ་དང་ས་བོན་བཟང་བོ། གོ་སྐབས་བཟང་པོ། བྱེད་ཐབས་བཟང་བོ་བཅས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན། མིག་སྔར། རང་རྒྱལ་གྱི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། ས་གནས་ཁག་གིས་ས་ཞིང་ལ་བརྟེན་ནས་འབྲུ་གསོག་དང་ཚན་རྩལ་ལ་བརྟེན་ནས་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ། ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་ཡོད།

ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་ཤར། ཀུན་ཀྱང་སོ་ནམ་བྱ་བའི་ལས་ལ་བྲེལ། 

བྱང་ཤར་གྱི་ས་ནག་ཐང་དུ། དཔྱིད་ཀའི་རྨོ་འདེབས་ཀྱི་བྱ་བ་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད་ལ། ཞིང་སྤྱོད་དངོས་རྫས་སྐྱེལ་འདྲེན་དང་། ཞིང་ལས་འཕྲུལ་ཆས་ཞིབ་བཤེར་དང་ཞིག་གསོ། ས་སློག་ལུད་འཇོག་བཅས་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། དཔྱིད་འདེབས་ལ་གྲ་སྒྲིག་གང་ལེགས་བྱས།

རྨ་ཆུ་དང་ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་ཀྱི་གྲོ་ཁུལ་དུ། དགུན་གྲོའི་སྙེ་ཚིགས་གཏོང་བའི་དུས་ཡིན་ལ། ཆུ་གཏོར་པ་དང་ལུད་འཇོག་པ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཞིང་ཁའི་དོ་དམ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་དབྱར་འབྲུའི་གཞི་རྩ་བརྟན་པོ་ཡོང་བར་བྱས།

ལྷོ་ཕྱོགས་ཀྱི་ཆུ་འབྲས་ཐོན་ཁུལ་གཙོ་བོ་རུ། སྔ་སྨིན་འབྲས་ཀྱི་ཐོན་སྐྱེད་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། འབྲས་ལྗང་འདེབས་ཞིང་ཁོད་སྙོམས་པ་དང་མྱུ་གུ་སྦང་བ། མྱུ་གུ་གསོ་བ་སོགས་བྱ་བ་བྲེལ་མྱུར་ཆེན་པོས་སྤེལ་ཏེ་ཆུ་འབྲས་ཀྱི་ཐོན་འབབ་བརྟན་པོ་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིངས།

ཀྲུང་གོའི་འཚོ་རྟེན་དམ་པོར་བཟུང་ནས། རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ལ་མཉམ་དུ་སྲུང་སྐྱོབ་བྱེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཐོག་མཐའ་བར་གསུམ་དུ་མི་གྲངས་དུང་ཕྱུར་བཅུ་ལྷག་གི་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ཡོད། རྒྱལ་ནང་དུ་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཐེངས་རེ་རེར་ཞིང་ཁར་ཕེབས་ནས་འབྲུ་རིགས་ཐོན་སྐྱེད་ལ་གཟིགས་ཞིབ་དང་ཞིང་པའི་བསམ་འདུན་ལ་གསན། ཁོང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ལ་མི་གྲངས་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་ཡོད་པས། འབྲུ་རིགས་བདེ་འཇགས་ལ་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་འགན་ལེན་བྱེད་དགོས་པ་དང་། ཀྲུང་གོ་བའི་ཟས་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་འཇུག་དགོས། ཁོང་གིས་བསྟན་དོན། སོན་བཟང་དང་གོ་སྐབས་བཟང་བོ། བྱེད་ཐབས་བཟང་བོ་བཅས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྨོ་འདེབས་བཟང་བོ་བྱེད་པའི་ཐད་ཤུགས་སྣོན་པ། འབྲུ་རིགས་མུའུ་རེའི་ཐོན་ཚད་དང་སྤུས་ཀ་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་འབྲུ་འདེབས་ལ་བརྟེན་ནས་ཕྱུག་སྒྱུར་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་ཐད་མ་ལག་ལྡན་པས་བཀོད་སྒྲིག་བྱས་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། རང་རྒྱལ་གྱིས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གི་ཐོན་ནུས་ཆེ་རུ་གཏོང་བའི་འགུལ་སྐྱོད་སྤེལ་ནས། འབྲས་དང་གྲོ་ཡི་ཐོན་སྐྱེད་བརྟན་པོ་ཡོང་བར་བྱེད་པ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་གྱི་ཐོན་ནུས་ཆེ་རུ་བཏང་སྟེ། འབྲུ་སྣུམ་སོགས་ལོ་ཏོག་གཙོ་བོའི་མུའུ་རེའི་ཐོན་ཚད་གཞི་ཁྱོན་ཆེན་པོས་འཕར་བར་སྐུལ་འདེད་གཏོང་རྒྱུ་རེད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། རང་རྒྱལ་གྱིས་ཞིང་ལས་འཕྲུལ་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་ལས་སྐྱེ་དངོས་ཀྱི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད80%ཡན་མཐོ་རུ་གཏོང་རྒྱུ་རེད། ལྟེ་བའི་འབྱུང་ཁུངས་དང་ཞིང་ལས་འཕྲུལ་ཆས། ཞིང་ལས་ཆུ་བེད་གྲོན་ཆུང་སོགས་ལ་དམིགས་ཏེ་ལག་རྩལ་གཙོ་བོའི་འགག་སྒྲོལ་ལ་ཤུགས་བསྣན་ནས་ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བྱ་རྒྱུ་རེད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། རང་རྒྱལ་གྱིས་འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཡོང་འབབ་ལ་འགན་ལེན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིན་གོང་དང་ཁ་གསབ། འགན་སྲུང་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  ཞིང་པས་ཞིང་ལས་གཉེར་ནས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་དང་སྐུལ་སློང་བཅས་བྱས་ཏེ། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་རྒྱུ་རེད།

ཧེ་ལུང་ཅང་ཧྥུའུ་ཅིན་གྲོང་ཁྱེར་ཏ་ཡུས་ཧྲུའུ་གྲོང་རྡལ་གྱི་ཞིང་བ། ཀྲོའུ་ཀང་གིས་བཤད་རྒྱུར།ཏང་གི་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། འབྲུ་རིགས་འདེབས་པའི་ཐད་ཀྱི་ཁ་གསབ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ལ། ལག་རྩལ་ཞབས་ཞུ་གནད་ལ་འཁེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་འདེབས་མཁན་ཀྱི་ཞིང་པས་ཡོང་སྒོ་བཙལ་ཐུབ་པ་དང་། ཁེ་བཟང་རག་ཏུ་འཇུག་དགོས་ཞེས་གསུངས་ཡོད། ང་ཚོ་ཞིང་པའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། རེ་བ་ཆེན་པོ་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། ས་གནས་ཁག་གིས་ཞིང་ལས་དུས་ཚོད་དམ་འཛིན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ཡས་མས་སུ་གཏན་འཇགས་ཡོང་བར་འགན་ལེན་བྱས།

ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་ཆེ་རུ་གཏོང་དགོས་ན། ས་བོན་ནི་རྨང་གཞི་ཡིན། མིག་སྔར། ཧའེ་ནན་དུ་ཡོད་པའི་རྒྱལ་ཁབ་ནན་ཧྥན་ཚན་ཞིབ་སོན་གསོ་རྟེན་གཞི་རུ། ཚན་ཞིབ་མི་སྣ་ཆིག་ཁྲི་ཙམ་གྱིས་མྱུག་གསོ་དང་ཚན་ཞིབ་འགག་སྒྲོལ་བྱེད་བཞིན་ཡོད། ད་ལོར། ཧའེ་ནན་གྱིས་ཡ་ཀྲོའུ་མཚོ་ཁུག་རྒྱལ་ཁབ་ཚོད་ལྟ་ཁང་སོགས་ཚན་ཞིབ་ལས་སྟེགས་གལ་ཆེན་ལ་བརྟེན་ནས། ཚན་ཞིབ་ཁང་དང་ཁེ་ལས། ཆེད་ལས་ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་ནུས་མཐོའི་མཉམ་འགུལ་ལ་སྔར་ལས་སྐུལ་འདེད་བཏང་སྟེ།“སོན་སྣ་འདེམས་གསོ་དང་སོན་བཟང་གསོ་སྤེལ། འདེབས་འཛུགས་ཁྱབ་གདལ། ཐོན་སྐྱེད་ཞབས་ཞུ”བཅས་གཞི་གཅིག་ཅན་གྱི་དེང་རབས་འདེབས་འཛུགས་ལས་རིགས་ཀྱི་ཞབས་ཞུའི་མ་ལག་གང་མགྱོགས་སྒོས་བཙུགས།

ཧའེ་ནན་ཞིང་ཆེན་ནན་ཧྥན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཀྲོའུ་ཞའོ་ཕེང་གིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ཁྲོད་དུ།  འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་པ་གསལ་བོར་བཏོན། ང་ཚོས་ནན་ཧྥན་ཀུའེ་ཀུའུ་ཡི་རྒྱལ་ཁབ་རིམ་པའི་འདེབས་འཛུགས་ལས་རིགས་གསར་གཏོད་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ལས་ཀའི་བཀོད་སྒྲིག་ལྟར། དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་ལས་གྲྭ་སོགས་རྒྱལ་ཁབ་ཀྱི་འཆར་འགོད་གལ་ཆེན་དང་སྦྲེལ་མཐུད་བྱས་ཏེ། ཚད་གཞི་མཐོ་ཞིང་ཤེས་རིག་ཅན་གྱི་ས་བོན་བཟང་སྒྱུར་རྟེན་གཞི་བསྐྲུན་པ་དང་། སོན་ལས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན། 

ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་ཆེ་རུ་གཏོང་དགོས་ན། ཚན་རྩལ་ནི་འདེགས་སྐྱོར་ཡིན། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཞིང་ཆེན་གཙོ་བོའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ད་ལོར་ཧུའུ་ནན་གྱིས་ཆུ་ཚད་སྔར་ལས་མཐོ་བའི“ཏུང་ཐིང་འབྲུ་མཛོད”བསྐྲུན་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཏེ། འབྲུ་རིགས་ཀྱི་རྒྱ་ཁྱོན་མུའུ་བྱེ་བ་བདུན་ས་ཡ་གཅིག་འབུམ་ལྔ་ཡས་མས་གཏན་འཇགས་ཡོང་བར་བརྩོན་ལེན་བྱེད་པ་དང་ཆུ་འབྲས་ཀྱི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ་དགུ་ཅུའི་ཡན་དུ་སླེབས་པར་སྐུལ་འདེད་གཏོང་བ།  ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས45གསར་སྐྲུན་བྱེད་པ། རིག་ནུས་ཅན་དང་ནུས་ཁུངས་གསར་པའི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། མི་མེད་གནམ་གྲུ་དང་དངོས་འབྲེལ་དྲ་བ་སོགས་ཀྱི་འབྲུ་རིགས་ཐོན་སྐྱེད་ཡུལ་རྣམ་གྱི་ཉེར་སྤྱོད་རྒྱ་བསྐྱེད་པ་བཅས་བྱེད་རྒྱུ་རེད།  

ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མགྱོགས་མྱུར་སྒོས་མཐོ་རུ་གཏོང་དགོས་ན། ཐོན་ལས་ནི་གཞི་རྟེན་ཡིན། ད་ལོར། སི་ཁྲོན་གྱིས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། མུའུ་ས་ཡ་གཅིག་གི་རྩེར་སོན་ཆུ་འབྲས་མཁོ་འདོན་རྟེན་གཞི་གསར་སྐྲུན་བྱེད་པ་དང་།  ཞིང་ཆེན་རིམ་པའི་འབྲུ་སྣུམ་ཐོན་ལས་ཧྲིལ་པོའི་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ས་ཁུལ9བསྐྲུན་རྒྱུ་མ་ཟད།  དུང་ཕྱུར་རིམ་པའི་འབྲུ་སྣུམ་སྣེ་འདྲེན་ཁེ་ལས10གསོ་སྐྱོང་བྱས་ནས། འབྲུ་སྣུམ་ཁྲག་ཁྲིག་ལྔ་རིམ་པའི་ཐོན་ལས་མུ་ཕྲེང་སྔར་ལས་རྒྱ་ཆེར་གཏོང་རྒྱུ་རེད། 

སི་ཁྲོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཐིང་ཀྲང་གཞོན་པ།ཝུའུ་ཞིའུ་ཆང་གིས་བཤད་རྒྱུར།ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ།  ང་ཚོས་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་བྱེ་བ་དགུ་ས་ཡ་དྲུག་ཡན་དུ་གཏན་འཇགས་ཡོང་བར་དམིགས་ཏེ། འབྲུ་སྣུམ་མུ་ཕྲེང་ཧྲིལ་པོའི་མཉམ་འདྲེས་ཇེ་མགྱོགས་སུ་གཏོང་བ་དང་འབྲུ་སྣུམ་ལས་སྣོན་ཞིབ་ཚགས་གཞི་ཁྱོན་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་དྲུག་ཡན་དུ་སླེབས་པ།   སྤུས་ཚད་ལ་བརྟེན་ནས་རིན་ཐང་མཐོ་རུ་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་ཁྲིད་བཅས་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་གཏོང་དགོས།