
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས26ཉིན་གྱི་སྔ་དྲོར་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཡ་གླིང་གླེང་སྟེགས2026ལོའི་ལོ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཁ་བྱང་ལ《ཁ་ཕྱོགས་ཡང་དག་དམ་འཛིན་གྱིས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད》ཅེས་པའི་བརྗོད་དོན་གསུང་བཤད་གནང་། སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་། ཨ་ཟེར་བྷེ་ཇན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཅ་ཧྥ་ལུའོ་ཝ། སི་རི་ལན་ཁའི་གྲོས་གཙོ་ཝེ་ཁེ་ལ་མ་ལ་ཐེ་ན། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སི་ཁེ་ལི་ཡ་ཨར། གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་སོགས་རྒྱལ་ཁབ་དང་ས་ཁུལ60ལྷག་གི་སྲིད་དོན་ལས་རིགས་དང་། བཟོ་ཚོང་ལས་རིགས། རིག་མཛོད་དང་སྨྱན་སྦྱོར་བཅས་ཀྱི་འཐུས་ཚབ1600ལྷག་ཞུགས་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོ་ནི་པོ་ཨའོ་ཡ་གླིང་གླེང་སྟེགས་བཙུགས་ནས་ལོ25འཁོར་བའི་ལོ་ཡིན། སྐབས་འདིའི་ལོ་ཚོགས་ཐོག“ཐུན་མོང་གི་མ་འོངས་པ་གཏོད་པ་སྟེ། གནས་བབ་གསར་པ་དང་། གོ་སྐབས་གསར་པ། མཉམ་ལས་གསར་པ”ཅེས་པ་བརྗོད་དོན་གཙོ་བོ་བྱས་ཡོད་པས། དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་པ་དེས་འཛམ་གླིང་གི་ལོ་བརྒྱའི་དུས་འགྱུར་ལ་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་འགལ་ཟླ་དང་འགོག་རྒོལ་དོར་ནས་ཞི་བདེ་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་པ་དང་། བཀག་སྡོམ་དང་ཕྱིར་འབུད་དོར་ནས་མཉམ་ལས་མཉམ་རྒྱལ་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་པ་དང་། བཙན་དབང་བཙན་ཤེད་དོར་ནས་དྲང་སྙོམས་དྲང་བདེན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་པ། དོགས་པ་དང་འགལ་ཟླ་དོར་ནས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་གཏོང་བ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་བཅས་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བ་རྒྱུན་འཁྱོངས་བྱས་ནས་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ཁེ་སྤོགས་ཟམ་མི་ཆད་པར་གློད་རྒྱུ་དང་། གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་འཕར་སྣོན་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་པ། རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས།
ཕན་ཅི་ཝུན་གྱིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ། ཧོང་ཞུན་ཚའེ་དང་། ཅ་ཧྥ་ལུའོ་ཝ། ཝེ་ཁེ་ལ་མ་ལ་ཐེ་ན་སོགས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ་བ་དང་། ལྷོ་ཁོ་རེ་ཡའི་ཙུང་ལི་ཅིན་རྨིན་ཞི་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ། ཁོ་ཚོས་བསྟན་དོན། རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཡ་གླིང་དང་འཛམ་གླིང་ལ་གོ་སྐབས་སྦྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་དོན་སྙིང་གལ་ཆེན་ལྡན་པས། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་སྤེལ་གཏོང་འོས།
མུའུ་ཧུང་ཚོགས་ཆེན་ལ་ཞུགས།