
ཟླ3པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མིག་སྔའི་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་གི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་ཤིང་། འཐབ་ཇུས་ཀྱི་གཏན་ཤུགས་དང་ལོ་རྒྱུས་ཀྱི་བཟོད་སེམས་རྒྱུན་འཁྱོངས་བྱ་དགོས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྲེལ་འཚུབ་རང་བཞིན་དང་ངར་ཤུགས་ཀྱང་ཡོད་དགོས། དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ད་ལྟའི་དུས་རིམ་གྱི་ལས་འགན་གཙོ་བོར་དམིགས་ནས་གཅིག་བསྡུས་ཀྱིས་ཤུགས་སྣོན་དགོས། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མ་ཡིན་པ་ཁ་འགྲེམས་བྱེད་པའི་སྒུལ་ཤུགས་དང་འཐེན་ཤུགས་ཇེ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་ཕྱོད་མཐོ་བའི་བཅོས་སྐྱོང་གཞི་གཅིག་ཏུ་དམ་འཛིན་ལེགས་པོ་བྱ་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ཕྱོགས་ཀྱི་ལེགས་ཆ་གཅིག་སྡུད་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱས་ཏེ། ནང་གནས་སྒུལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། འབྲེལ་ཡོད་ཕྱོགས་ཀྱིས་སྤྱི་ཡོངས་ཀྱི་ལྟ་བ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་ཇུས་དང་ལམ་ལུགས་གསར་གཏོད། ལས་སྟེགས་ཀྱི་གྲུབ་སྟངས་གལ་ཆེན། ས་ཁོངས་དཔལ་འབྱོར་མཉམ་ལས་སོགས་ཀྱི་ཐད་ས་ཁུལ་གསར་པར་རྒྱབ་སྐྱོར་སྔར་ལས་ཆེ་བ་བྱེད་པ་དང་། གནས་ཚུལ་གསར་པར་དུས་ཐོག་ཏུ་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱ་དགོས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ཞབས་ཞུའི་ལས་རིགས་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྦས་ཤུགས་སྔོག་འདོན་གང་ལེགས་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་རྩེ་གྲས་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དང་སྟབས་བདེ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐུལ་ཁྲིད་རང་བཞིན་ཆེ་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྲིད་ཇུས་ཆ་འགྲིག་དང་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་། དངུལ་རྩ། རྒྱུ་རྐྱེན་གཙོ་བོ་བཅས་ཀྱི་འགན་སྲུང་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཚོང་རར་ཞུགས་འཐུས་དང་སྒོ་འབྱེད་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཚོང་རའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས། བྱ་བའི་སྒྲིལ་ཤུགས་ཆགས་པར་བྱས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཕྱོགས་མང་ཕྱོགས་བསྡུས་གདེང་འཇོག་དམིགས་ཚད་བཟོས་ནས། ཕྱོགས་སོ་སོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གང་ལེགས་ཀྱིས་མངོན་དགོས།
གྲོས་ཚོགས་ལས་བསྟན་དོན། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཁོར་སྐྱོད་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་། མང་ཚོགས་ཀྱིས་ཐག་ཉེ་སར་སྨན་པ་སྟོན་པར་སྔར་ལས་སྟབས་བདེ་བཟོས་ཡོད། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་དང་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་པོ་བཙུགས་ཏེ། རྒྱུན་ཐོན་ནད་གཞི་དང་གཅོང་ནད་གཙོར་བཟུང་ནས་མང་ཚོགས་གཞི་རིམ་དུ་སྨན་བཅོས་ཐོག་མར་བྱེད་པར་ཁྲིད་སྟོན་དང་། སྨན་བཅོས་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་བ་ཁྲིད་ཕྱོགས་སུ་བཟུང་སྟེ་སྨན་བཅོས་སྤོ་སྒྱུར་ཞབས་ཞུའི་དོ་དམ་ཇེ་ལེགས་སུ་སྒྱུར་དགོས། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཏན་ཏིག་ངང་བསྒྲུབས་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཞི་རིམ་དུ་སྤེལ་བ་དང་གཞི་རིམ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།