
ས་དེའི་དུས་ཚོད་ཟླ3པའི་ཚེས25ཉིན་ནས་ཚེས27ཉིན་བར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་གཞོན་པ་མ་ཧྲ་ཏི་ལའེ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲིར་ཕེབས། ཁའེ་ཕུའུ་ཏུན་དུ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལ་མ་ཧྥུ་ས་ལ་མཇལ་འཕྲད་གནང་། སྲིད་འཛིན་གཞོན་པ་མ་ཧྲ་ཏི་ལའེ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་འགོ་འཛིན་གནང་བ་དང་འབྲེལ། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་ཏི་ཏི་ཀྲ་ལ་མཇལ་འཕྲད་གནང་།
ལ་མ་ཧྥུ་ས་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལ་མ་ཧྥུ་ས་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་གནང་ཚུལ་བརྒྱུད་བསྒྲགས་གནང་། ཧན་ཀྲེང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གཏན་འཁེལ་གནང་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེ་རུ་བཏང་ནས་ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གང་མགྱོགས་ངང་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ་དཔལ་འབྱོར་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གྲོས་ཆོད་ཀྱི་དུས་སྔའི་གྲུབ་འབྲས་བཀོད་སྒྲིག་ཐད་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དང་། དངོས་གཉེར་མཉམ་ལས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་རྐྱེན་སྲོལ་ནང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ནུས་པ་དང་སྐད་ཆ་ཤོད་དབང་ཇེ་ཆེ་རུ་གཏོང་དགོས་པ་བསྟན།
ལ་མ་ཧྥུ་ས་ཡིས་ཧན་ཀྲེང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་འབུལ་གནང་རོགས་ཞུས་ནས། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་བའི་ཕྱོགས་ཡོངས་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཇེ་ཆེ་རུ་གཏོང་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་དགོས་པ་བསྟན།
ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་འགོ་འཛིན་གནང་སྐབས། ཧན་ཀྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལ་མ་ཧྥུ་སའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་བར་གྱི་འབྲེལ་བ་དུས་རབས་ཡག་ཤོས་སུ་སླེབས་ནས། ཆུ་ཚད་མཐོ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་སྲ་བརྟན་དུ་གཏོང་དགོས། སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་ལས་བྱུང་བའི་མཉམ་ལས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ཐོན་ཁུངས་ནུས་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། དམངས་སེམས་གཅིག་མཐུན་ཇེ་ཟབ་ཏུ་གཏོང་བ། མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བའི་ཧྥེ་གླིང་མི་དམངས་ལ་ཕན་ཐོགས་པར་བྱེད་དགོས་པ་བསྟན།
མ་ཧྲ་ཏི་ལའེ་ཡིས། ཨ་ཧྥེ་རི་ཁ་ལྷོ་མ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་རྐྱེན་སྲོལ་གྱི་མཛུབ་ཁྲིད་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འཆར་འགོད་དོན་འཁྱོལ་བྱེད་པ། ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་ལ། ཨ་ཧྥེ་རི་ཁ་ལྷོ་མ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གྲོས་འགོ་ལ་དགའ་བསུ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་བསྟན།
ཏི་ཏི་ཀྲ་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲེང་གིས། ཁྲིམས་འཛུགས་ལས་ཁུངས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་རེད། ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་གིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་བར་གྱི་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད་པ་བསྟན།
ཏི་ཏི་ཀྲ་ཡིས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་དུས་བཀག་སྤེལ་རེས་རྐྱེན་སྲོལ་སྔར་ལས་བེད་སྤྱོད་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་མཛའ་མཐུན་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།
ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་གནང་སྐབས། ཧན་ཀྲེང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གནང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་ཡིས་མཐུན་སྒྲིལ་རོགས་རེས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བཏང་ནས་དུས་རབས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་རྒྱ་ཇེ་ཆེ་རུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དགོས། བཟོ་ཚོང་ལས་རིགས་ཀྱིས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ལས་སྐལ་གཅིག་མཐུན་ཚོགས་པ་མྱུར་དུ་འཛུགས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་བསྟན།