​ དབྱི་ལང་གིས་ཨ་རི་དང་དབྱི་སི་རལ་གྱི་དམག་དོན་བཟོ་ལས་དམིགས་འབེན་དང་འབྲེལ་ཡོད་བཟོ་ལས་སྒྲིག་བཀོད་ལ་རྡུང་རྡེག་བཏང་བ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཚེས29ཉིན།  ཨ་རི་དང་དབྱི་སི་རལ་གྱི་དབྱི་ལང་གི་དམག་དོན་རྡུང་རྡེག་དེ་ཉིན30པར་སླེབས། ཚེས28ཉིན་ནས་ཚེས29ཉིན་བར། དབྱི་ལང་གི་རྒྱལ་ས་ཏི་ཧེ་རན་ལ་བར་སྣང་གི་འཇབ་རྒོལ་ཐེངས་མང་ཐེབས།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ལི་ཅན་ནན་གྱིས་བཤད་རྒྱུར། ད་ལྟ་ས་དེའི་དུས་ཚོད་ཚེས་29ཉིན་གྱི་ཆུ་ཚོད11:30ཡིན་ལ། པེ་ཅིང་གི་དུས་ཚོད16རེད། ཚེས28ཉིན་ནས་ད་བར་དུ། དབྱི་ལང་གི་རྒྱལ་ས་ཏི་ཧེ་རན་ལ་གཞི་ཁྱོན་ཆེ་བའི་བར་སྣང་འཇབ་རྒོལ་ཐེངས་མང་པོ་ཐེབས་པ་དང་། དབྱི་ལང་ཤར་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་འབར་གཏོར་གྱི་སྒྲ་ཐོས་ཐུབ། དེ་ལས་གཞན། དབྱི་ལང་ལྷོ་ནུབ་རྒྱུད་ཀྱི་ཧུའུ་ཆི་སི་ཐན་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཞིང་ཆེན་དེའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་གཅིག་ཟིན་པའི་ཆུ་གསོག་མ་ལག་ཅིག་ལ་ཨ་རིའི་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་གྱིས་མི་ལ་ཤི་རྨས་བཟོས་མེད་ལ། ས་དེ་གའི་བཏུང་ཆུའི་མཁོ་འདོན་རྒྱུན་ལྡན་ཡིན་པ་བསྟན། 

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས29ཉིན། དབྱི་སི་རལ་དམག་དཔུང་གིས་ཏི་ཧེ་རན་གྱི་དཀྱིལ་སྙིང་ཁུལ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཞི་ཁྱོན་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པར་མ་ཟད། དབྱི་ལང་གི་གོ་མཚོན་ཐོན་སྐྱེད་དང་གསོག་ཉར་སྒྲིག་བཀོད་བཅུ་ཕྲག་འགར་རྡུང་རྡེག་བྱས་པ་བསྟན། དབྱི་སི་རལ་དམག་དཔུང་གིས་དབྱི་ལང་གི་དམག་དོན་བཀོད་འདོམས་ལྟེ་གནས་མང་ཆེ་བ་རྩ་བརླག་བཏང་བ་དང་། ཉེ་དུས་ཀྱི་འགུལ་སྐྱོད་གསར་ཤོས་ཁྲོད་དབྱི་སི་རལ་གྱིས་དབྱི་ལང་གི་གནས་སྐབས་བཀོད་འདོམས་ལྟེ་གནས་མང་པོ་ཞིག་རྩ་བརླག་བཏང་ཡོད་པར་བཤད།

དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གིས་ཚེས་ཉེར་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རི་དང་དབྱི་སི་རལ་གྱི་དམག་དོན་བཟོ་ལས་དམིགས་འབེན་མང་པོར་རྡུང་རྡེག་བཏང་བ་མ་ཟད། ད་དུང་ཨ་རིའིMQ-9རྟགས་ཅན་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ་དང་། ཨ་རིའིF-16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་ལ་མེ་སྒྱོགས་ཕོག དེ་མིན་དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གིས་ཚེས29ཉིན་བཤད་རྒྱུར། ཨ་རི་དང་དབྱི་སི་རལ་གྱིས་པོ་སི་མཚོ་ཁུག་ལྷོ་ངོགས་རྒྱལ་ཁབ་ནས་དབྱི་ལང་གི་བཟོ་ལས་རྨང་གཞིའི་སྒྲིག་བཀོད་ལ་ངན་སེམས་བཅངས་ཏེ་འཇབ་རྒོལ་བྱས་པར་གཞིགས་ནས། དབྱི་ལང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་ས་ཁོངས་ནང་གི་ཨ་རི་དང་འབྲེལ་བ་ཡོད་པའི་ཧ་ཡང་བཟོ་གྲྭ་གཉིས་ལ་རྡུང་རྡེག་བཏང་ཟེར། 

ཨ་རིའི་ཀྲུང་དབྱང་བཀའ་འཛིན་པུའུ་ཡིས་ཚེས28ཉིན། ཨ་རིའི་དམག་དཔུང་གི“ཏི་ལི་པོ་ལི་”རྟགས་ཅན་གྱི་གཉིས་གནས་ཕར་རྒོལ་དམག་གྲུ་དང་དེའི་ནང་སྡོད་པའི་མཚོ་དམག3500དང་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་ཚེས27ཉིན་དེའི་འགན་འཁུར་ས་ཁུལ་དུ་འབྱོར་བར་བསྟན། ཨ་རིའི《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》ཐོག་མིང་བཀོད་མེད་པའི་ཨ་རིའི་དཔོན་རིགས་མང་པོའི་གཏམ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་སྲུང་པུའུ་ཡིས་དབྱི་ལང་དུ་གཟའ་འཁོར་འགའ་རིང་གི་ས་ངོས་འགུལ་སྐྱོད་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད་པར་བཤད།

གཞན་ཡང་ཨ་རིའི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རིས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་རིང“འཐབ་འཛིང་སྟ་རེ”རྟགས་ཅན་གྱི་སྐོར་ཞིབ་འཕུར་མདེལ850ལྷག་སྤྱད་པ་དང་། དེ་ཨ་རིའི་དམག་དཔུང་གི་ལོ་ཧྲིལ་བོའི་ཉོ་སྒྲུབ་བྱེད་ཚད་ཀྱི་ལྡབ9ལ་སླེབས་ཤིང་། ཟུར་ལྔའི་ཐོག་བརྩེགས་ཁང་ཆེན་དུ3100ཙམ་མཛོད་ཉར་བྱས་ཡོད་ཟེར། 

ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ཚེས28ཉིན་གྱི་དགོང་མོར། སྐོར་གཡེང་འཕུར་མདེལ་དང་མི་མེད་གནམ་གྲུ་བཀོལ་ནས་དབྱི་སི་རལ་ལྷོ་རྒྱུད་ཀྱི་དམིགས་འབེན་གལ་ཆེན་ལ་རྡུང་རྡེག་ཐེངས་གཉིས་པ་བཏང་བ་དང་། མ་འོངས་པའི་ཉིན་ཁ་ཤས་ནང་མུ་མཐུད་དུ་རྡུང་རྡེག་བཏང་ནས། ཨ་རི་དང་དབྱི་སི་རལ་གྱིས“བཙན་འཛུལ་མཚམས་འཇོག་”རག་བར་དུ་རྡུང་རྡེག་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།