ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་རི་ཀླུང་གང་སར་མཛེས་སྡུག་གི་རྣམ་པ་བསྐྲུན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྔར་ལས་མཛེས་སྡུག་ལྡན་པར་བསྒྱུར་དགོས་པ་ནན་གྱིས་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས30ཉིན་གྱི་སྔ་དྲོར་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་གྱིས་བསྟན་དོན།  སྐྱེ་ཁམས་ལེགས་པོ་མི་ཚང་མས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་མ་ཟད་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་བསྐྲུན་བྱེད་དགོས།  སྤྱི་ཚོགས་ཡོངས་རྒྱ་ཁྱབ་ཏུ་སྡོང་འཛུགས་ནགས་སྐྲུན་ལ་ཞུགས་རྒྱུར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ།  རི་ཀླུང་གང་སར་མཛེས་སྡུག་གི་རྣམ་པ་བསྣན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྔར་ལས་མཛེས་སྡུག་ལྡན་པར་བསྒྱུར་དགོས།

རྒྱལ་ས་པེ་ཅིང་དུ་དཔྱིད་རླུང་ལྡང་སྟེ་བྱ་དངོས་ཐབས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། སྔ་དྲོའི་དུས་ཚོད10དང་སྐར་མ40ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ནས་ཁྲང་ཕིང་ཆུས་ པའེ་ཧྲན་གྲོང་རྡལ་དུ་ཕེབས་ཏེ།  ལས་བྱེད་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱས།

སྡོང་འཛུགས་ས་གནས་ནི་སྤྱི་གླིང་གི་འཆར་འགོད་ས་ཆ་ཡིན་ལ། སྤྱི་གླིང་བསྐྲུན་རྗེས་མང་ཚོགས་ལ་སྐྱེ་ཁམས་སྤྲོ་གསེང་གི་བར་སྟོང་མཁོ་འདོན་བྱ་ངེས།

སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་སྡོང་བོ་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས།  ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་བ་དང་།  ལྕགས་ཁེམ་འཁྱེར་ནས་སྡོང་བོ་འཛུགས་སར་ཕེབས་ཏེ། དེར་ཡོད་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན། ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་ལས་ལ་བྲེལ་མགོ་བརྩམས།

ལྕགས་ཁེམ་བཟུང་ནས་ས་བརྐོ་བ་དང་སྡོང་སྐྱོར་རྒྱག་པ། ཆུ་འདྲེན་པ་སོགས་གནང་སྟེ།  ཞི་ཅིན་ཕིང་གིས་སྒྲོན་ཤིང་དང་པེ་ཅིང་གི་ཤིང་པདྨ། ཡོ་འབོག་ཅི་ལི།  ཤིང་དར་སྐུད།  གཡའ་ཤིང་རྟ་རྨིག་སོགས་སྡོང་ཕྲུག་མང་པོ་སྔ་རྗེས་སུ་བཙུགས།   ཁོང་གིས་སྡོང་བོ་འཛུགས་ཞོར་དུ་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བ། ངལ་རྩོལ་སྦྱོང་བརྡར། སྡོང་འཛུགས་ལ་ཞུགས་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་ལོ་ཆུང་རྣམས་སྡོང་ཕྲུག་དང་འདྲ་བར་གསོན་ཤུགས་དང་རེ་བས་ཁེངས་ཡོད་ལ། ཆུང་དུས་ནས་ཕུགས་འདུན་ཆེན་པོ་འཆང་སྟེ།  ཤེས་བྱ་དང་ངལ་རྩོལ།  རང་བྱུང་ཁམས་བཅས་ལ་དགའ་དགོས་ཤིང་།  ཀུན་སྤྱོད་དང་ཤེས་རིག  ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ།  གདུང་འདེགས་ཀྱི་ཀ་བ་ལྟ་བུའི་མི་སྣར་འགྱུར་བར་འབད་པ་བྱེད་དགོས། ཡུལ་དངོས་ཀྱི་རྣམ་པ་འདུ་འཛི་དང་བྲེལ་འཚུབ་ཀྱིས་ཁེངས་ཡོད།  

ཞི་ཅིན་ཕིང་གིས་གནས་དེར་ཡོད་པའི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་གསུང་རྒྱུར།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་གསོག་ཚད་བསྟུད་མར་“གཉིས་འཕར”བྱུང་བ་དང་།  ཐང་རྒོད་ཅན་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་བསྟུད་མར“གཉིས་འཕྲི”བྱུང་སྟེ།  འཛམ་གླིང་གི་སྔོ་འཕེལ་མགྱོགས་ཤོས་དང་མང་ཤོས་ཀྱི་རྒྱལ་ཁབ་ཅིག་དུ་གྱུར་ཡོད་ལ།  གནམ་སྔོ་ལ་ས་ལྗང་བ་དང་ཆུ་དྭངས་བ་དེ་རྒྱུན་རྣམ་དུ་གྱུར་ཡོད།  ཉེ་སྔོན། རང་རྒྱལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ཏེ། རབ་མཛེས་ཀྲུང་གོ་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་རྨང་རྡོ་སྔར་ལས་ཇེ་བརྟན་དུ་བཏང་། སྡོང་འཛུགས་ནགས་བསྐྲུན་ནི་རབ་མཛེས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་མིག་སྔར་ལ་གཞི་འཛུགས་པ་དང་ཡུན་རིང་ལ་དམིགས་དགོས་ཤིང་།  འབད་འབུངས་ཡར་བརྩོན་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་དོན་ཆེན་ཏན་ཏན་ཏིག་ཏིག་གིས་ལེགས་པོར་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ།  དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་འགུལ་སྤེལ་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡང་ཡིན། གནས་བབ་གསར་པའི་འོག་རྒྱལ་ཁོངས་ལྗང་སྒྱུར་བྱེད་པར།  སྤུས་འདེགས་དང་ལས་དར། དམངས་ཕན་བཅས་ལ་སྔར་ལས་དོ་སྣང་བྱས་ཏེ།  ས་བོན་དང་དོ་དམ་མཉམ་འཛིན་བྱེད་པ།  སྐྱེ་ཁམས་དང་ཐོན་ལས་མཉམ་སྐུལ། མི་དང་རང་བྱུང་ཁམས་མཉམ་གནས་བཅས་མངོན་འགྱུར་བྱེད་དགོས།  ལྗང་སྒྱུར་བར་སྟོང་གཅིག་གྱུར་གྱིས་བེད་སྤྱད་དེ།  ས་ཆར་བརྟེན་ནས་སྔོ་ལྗང་ཅན་དང་ཆུ་ལ་བརྟེན་ནས་སྔོ་ལྗང་ཅན་གཏན་འཁེལ་བྱེད་དགོས་ལ།  ཡུལ་བབ་དང་བསྟུན་ནས་ལྗང་སྒྱུར་བྱ་བ་ཡག་པོར་སྒྲུབ་ནས།  སྡོང་བོ་འཚམ་ན་སྡོང་བོ་འཛུགས་པ་དང་། རྩྭ་འཚམ་ན་རྩྭ་འདེབས་དགོས།  ནུས་ཤུགས་སྔར་ལས་ཆེ་བ་བཏོན་ནས་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ།  ས་ཁོངས་དང་རིགས་དབྱེ་ནས་ནགས་ཚལ་རྒྱུན་མཐུད་གཉེར་སྐྱོང་བྱ་རྒྱུ་དང་། རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོ་ནུས་ལྡན་བྱས་ཏེ།  ནགས་ཚལ་དང་རྩྭ་རའི་སྤུས་ཚད་དང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་མ་ཟད།  མེ་ཟོན་དང་གནོན་འབུ་སྔོན་འགོག་བྱས་ནས་ལྗང་སྒྱུར་གྱི་གྲུབ་འབྲས་ལེགས་པར་སྲུང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་ཐབས་ལམ་བཀག་མེད་བཟོས་ནས།  ནགས་རྩྭའི་ཐོན་ལས་སྟོབས་ཆེར་གཏོང་དགོས་ལ།  དེ་དང་ཆབས་ཅིག་དཔལ་འབྱོར་གྱི་རིན་ཐང་དང་སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་བསྒྱུར་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་ལྗང་ཁུལ་མང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཐོབ་སྣང་སྔར་ལས་མང་དུ་གཏོང་དགོས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།  རྒྱལ་སྲིད་ཨུ་ཡོན་སོགས་སྡོང་འཛུགས་བྱེད་སྒོར་ཞུགས།