
ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་གདན་ཞུ་ལྟར། ཟླ4པའི་ཚེས3ཉིན། ཨོ་སི་ཁྲུ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན། ཨོ་སི་ཁྲུ་རི་ཡའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ལྟ་བཤེར་ཚོགས་པའི་ཁོངས་མི་མ་ཁུའུ་སི·སི་ཐུའོ་ཐེ་ཡིས་སྣེ་ཁྲིད་པའི་ཨོ་སི་ཁྲུ་རི་ཡའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་འབྱོར་བ་དང་། དུས་ཡུན་ཉིན་གསུམ་གྱི་མཛའ་འབྲེལ་འཚམས་འདྲི་བྱ་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་དང་ཨོ་སི་ཁྲུ་རི་ཡའི་བར་མཛའ་བརྩེའི་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ནས། མཉམ་ལས་ཀྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་བཞིན་ཡོད། 2016ལོའི་ཚུན་ལ། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། སློབ་གསོ་ཚན་རྩལ། དཔལ་འབྱོར་ཉོ་འཚོང་འགྲོ་འོང་སོགས་ལ་དམིགས་ནས་རེས་སྐོར་མང་པོའི་བརྗེ་རེས་བྱས་ཏེ། མཐོ་རིམ་མཇལ་འཕྲད་དང་རིག་གཞུང་བགྲོ་གླེང་ནས་ཁེ་ལས་དངོས་སྒྲུབ་སྦྲེལ་མཐུད་བར་གྱི་འབྲེལ་བ་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་རྒྱལ་སྤྱིའི་ཐོན་སློབ་ཞིབ་སྤྱོད་མཉམ་ལས་ཚོགས་འདུ་སོགས་ཀྱི་སྟེགས་བུའི་སྐུལ་འདེད་འོག ས་གནས་གཉིས་ཀྱིས་འོད་ཤུགས་ལག་རྩལ་གསར་གཏོད་དང་ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད། རིག་གཞུང་བརྗེ་རེས་སོགས་མངའ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་ཉོ་ཚོང་ཐད་མུ་མཐུད་དུ་འགྲོ་འོང་བྱས་ནས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་ས་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་ལོ་ཡིན་པ་དང་། ཐེངས་འདིའི་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས། བོད་ལུགས་གསོ་རིག་རྒྱུད་འཛིན་གསར་སྐྲུན་སོགས་ཐད་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཏེ། ཕྱོགས་གཉིས་ཀྱི་མཛའ་མཐུན་བརྗེ་རེས་དང་དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།