དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མདུན་སྐྱོད་སྟོབས་ཀྱི་ཤུགས་གཅིག་ཏུ་སྒྲིལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དྭངས་གསལ་དུས་སུ་དཔའ་བོར་དུར་མཆོད་ཞུ། དཔའ་བོའི་སྤོབས་པས་རི་ཀླུང་རྔམ་ཞིང་བརྗིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་དུས་རྒྱུན་དུ་སྔོན་གཤེགས་དཔའ་བོའི་མཛད་རྗེས་ཡིད་ལ་བཅངས་ནས་མི་རབས་ནས་མི་རབས་བར་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་ནན་གྱིས་བསྟན་ཡོད། དྭངས་གསལ་དུས་ཚིགས་སྐབས་སུ། ཀུན་གྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན་བཅས་ཀྱི་ཆེད་དུ་བྱས་རྗེས་འབུར་ཐོན་བཞག་པ་དང་། ཐ་ན་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་བྱེད་བཞིན་ཡོད། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དེ་ནམ་ཡང་གཟིམས་པ་མེད་པའི་དཔལ་འབར་ལྟ་བུར་གྱུར་ཏེ། མི་དམངས་དུང་ཕྱུར་མང་པོས་གཟབ་ནན་གྱི་ཕུགས་འདུན་འཚོལ་བའི་ཁྲོད་དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་ལྕག་སྐུལ་བྱེད་བཞིན་ཡོད།  

ད་ལྟ་ཡང་ལོ་གཅིག་གི་དྭངས་གསལ་དུས་ཚིགས་སླེབས་བྱུང་། ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་གནས་རྙིང་བ་ནས་ཅ་ཞིན་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་དམར་པོའི་བར་དུ། མི་རྣམས་ཀྱིས་གསར་བརྗེའི་རྐང་རྗེས་བསྙེགས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་རྒྱུས་ལོན་བྱས། ད་ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་ལོ་ཡིན་ལ། ཞང་ཅང་གཡུལ་འགྱེད་རྗེས་དྲན་ས་ཁུལ་ནས་དམར་དམག་རྒྱང་སྐྱོད་མཉམ་འཛོམས་ས་ཁུལ་བར་དང་། རྒྱང་སྐྱོད་རྗེས་དྲན་ས་ཁུལ་དང་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་རེ་རེའི་མདུན་དུ། མི་རྣམས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་ཏེ།   དཔའ་བོའི་སྙིང་སྟོབས་དར་སྤེལ་དང་།   འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་ཀྱིན་ཡོད།

དཔའ་བོར་བརྩི་བཀུར་བྱས་ན་ད་གཟོད་དཔའ་བོ་འབྱུང་བ་དང་། དཔའ་བོར་བརྩོན་ན་ད་གཟོད་དཔའ་བོ་གྲངས་མེད་ཐོན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བསྟན་དོན། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་དང་། མི་རིགས། ཞི་བདེ་བཅས་ཀྱི་ཆེད་དུ་བླ་མེད་ཀྱི་ཚེ་སྲོག་བློས་གཏོང་མཁན་ཐམས་ཅད་ལ་ང་ཚོས་ནམ་ཡང་ཁོང་ཚོའི་རང་སྲོག་བློས་བཏང་བ་རང་ཉིད་ཀྱི་ཡོད་ཚད་ཕུལ་བ་ཡིད་ལ་དམ་པོར་བཅངས་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅིས་གོང་ནས་འོག་ལ་སྣེ་ཁྲིད་དང་སྐུ་དངོས་ཀྱི་མིག་དཔེ་བསྟན་ནས་ཅང་ཤིས་ཡུས་ཏུའུ་དམར་དམག་རྒྱང་སྐྱོད་ཀྱི་འདུས་སྡོད་ས་ནས་ཧོ་ནན་ཤིན་རྫོང་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་སུའུ་ཝེ་ཨེ་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གྱི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་བར་དང་། ཀན་སུའུ་ཀའོ་ཐའེ་ནུབ་ལམ་དམག་དཔུང་གི་དྲན་གསོའི་རྡོ་རིང་ནས་པེ་ཅིན་ཞང་ཧྲན་གསར་བརྗེའི་དྲན་གསོ་ཁང་བར། སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་ཏེ་ཞབས་རྗེས་འབྲི་ཆུའི་ལྷོ་བྱང་ཀུན་ལ་བཞག ཡང་དུ་བསྐྱར་དུ་བརྩེ་བ་ཟབ་མོ་གཟིགས་ཞིབ་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅིས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་དང་རྗེས་དྲན་ཚད་མེད་གནང་ནས་སྤྱི་ཚོགས་ཡོངས་སུ་དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་བརྩོན་ལེན་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་སྣེ་ཁྲིད་གནང་བ་མཚོན་ཡོད།

བཅར་ལན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། སུང་ཡའེ་ཧུང་གིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས། སྔོན་གཤེགས་དཔའ་བོར་བསྟོད་བསྔགས་བྱེད་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་ཚུད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ་དང་།  དཔའ་བོའི་ཚད་གཞི་དང་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བརྟན་པོ་བཙུགས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་དཔའ་བོའི་སྙིང་སྟོབས་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་ལྕགས་གནང་།

“རེ་བ་ཡོད་པའི་མི་རིགས་ཤིག་ལ་དཔའ་བོ་མེད་མི་རུང་བ་དང་།  མདུན་ལམ་ཡོད་པའི་རྒྱལ་ཁབ་ཅིག་ལ་གདོང་ལེན་པ་མེད་མི་རུང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སྣེ་ཁྲིད་དང་སྐུལ་འདེད་འོག  རང་རྒྱལ་གྱིས་སྔོན་གཤེགས་དཔའ་བོར་གཟེངས་བསྟོད་བྱེད་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་ཞིང་།  ཁྲིམས་འཛུགས་བྱས་པ་བརྒྱུད་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་དྲན་ཉིན་མོ་དང་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་སོགས་བཙུགས་ཏེ། རྒྱལ་ཁབ་ཀྱི་མིང་སྟེང་ནས་རྒྱལ་ཁབ་ཀྱི་དཔའ་བོའི་བླ་སྲོག་ལ་མཆོད་འབུལ་བྱས། 《རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ཏེ། ཏང་ནང་ཁུལ་དང་། རྒྱལ་ཁབ། དམག་དཔུང་བཅས་སོ་སོར་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག་གཏན་འབེབས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་མ་ལག་གཏན་འཁེལ་བྱས་ཏེ། བླ་ན་མེད་པའི་གུས་ཞབས་ལ་བརྟེན་ནས་བྱས་རྗེས་འཇོག་མཁན་ལ་གཟེངས་བསྟོད་བྱས།

ད་ལྟའི་བར་རང་རྒྱལ་དུ་སྔོན་གཤེགས་དཔའ་བོའི་རྗེས་དྲན་གྱི་ཆེད་དོན་སྲུང་སྐྱོང་སྒྲིག་གཞི1600ལྷག་བཙུགས་ཡོད་ལ། རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང་ཆིག་འབུམ་དྲུག་ཁྲི་བཙུགས་ཏེ། མི་རྣམས་ཀྱིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བསྡུ་ལེན་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད།   དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་ད་དུང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་རྒྱལ་ཁབ་དང་ས་ཁུལ50ལྷག་དུ་ཉར་ཚགས་བྱས་པའི་མངའ་ཁོངས་ཕྱིའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང300ལྷག་ལ་སྲུང་སྐྱོང་ལེགས་པོ་བྱས་ཡོད། 2014ལོ་ནས་བཟུང་། རང་རྒྱལ་གྱིས་ལོ12ལ་བསྟུད་མར་ཧན་གོར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རྒྱལ་ནང་དུ་ལོག་པར་བསུ་མ་ཞུས་པ་དང་། སྔ་རྗེས་སུ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཆིག་སྟོང་ལྷག་གི་སྐུ་རུས་གཟི་བརྗིད་ལྡན་པའི་ངང་ཕ་ཡུལ་དུ་ལོག་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས།

སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ནས་མ་འོངས་པ་གསར་གཏོད་བྱེད།  ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པ་དང་།  ལས་རིགས་ཁག་གི་འབད་འཐབ་པ་ཚོས་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འབད་འབུངས་ཡར་བརྩོན་སྒོས་ལོ་རྒྱུས་ཀྱི་རྒྱུན་ཡག་པོ་སྐྱོང་དགོས།  

སི་ཁྲོན་དང་བོད་ལྗོངས་ལྕགས་ལམ་ནས་པའེ་ཧི་ཐན་ཆུ་གློག་ས་ཚིགས་བར་དང་།  ཧྲིན་ཀྲིན་གྲོང་ཁྱེར་དང་ཀྲུང་ཧྲན་གྲོང་ཁྱེར་བགྲོད་ལམ་ནས་ཞུང་ཨན་ཁུལ་གསར་བར་འཛུགས་སྐྲུན་པ་གྲངས་ལས་འདས་པ་ཞིག་གིས་བཟོ་སྐྲུན་གལ་ཆེན་དང་ལས་གཞི་གཙོ་བོའི་ཡུལ་དངོས་དང་པོ་རུ་བརྟན་སྲུང་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་དམ་པ་དོན་གཉེར་དང་འབད་འཐབ་བྱེད་བཞིན་ཡོད། ཚན་རྩལ་གསར་གཏོད་ཀྱི་གཡུལ་ས་གཙོ་བོ་རུ། ན་གཞོན་ཚན་རྩལ་པ་ཚོས་ཧོང་ཏ་ཉན་དང་ནན་རེན་ཏུང་སོགས་ཚན་རིག་པའི་འབད་འཐབ་བྱས་རྗེས་བརྒྱུད།  ལག་རྩལ་གཙོ་བོའི་དཀའ་གནད་འགག་སྒྲོལ་བྱས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཡུལ་དངོས་དང་པོ་རུ།  ལག་ལེན་པ་ཁྲི་སྟོང་མང་པོས་སྔོན་གཤེགས་དཔའ་བོ་ཧོང་ཝུན་ཞིག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རྔུལ་ཆུ་ལས་རེ་བ་བསྐྲུན་བཞིན་ཡོད། 

བཅར་ལན།  ཀོང་ཞི་པའེ་སེ་ལེ་ཡེ་རྫོང་པའེ་ནའེ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ། ཁྲེན་ཧོང་རེན་གྱིས་བཤད་རྒྱུར། 

གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་སྡེ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཧོང་ཝུན་ཞིག་གཞི་རིམ་དུ་རྐང་བཙུགས་པ་དང་། མང་ཚོགས་ཡིད་ལ་བཅངས་པ། བྱས་རྗེས་འཇོག་འདོད་ཆེ་བ་བཅས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་དོན་ཐོག་འཁྱོལ་བ་བྱེད་དགོས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས། དངོས་སྒྲུབ་ལ་བརྟེན་ནས་ཡུལ་མི་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དགོས།

བཅར་ལན། ཅང་ཞི་ཡུས་ཏུའུ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ལས་བྱེད་པ། ལེའང་ཅན་ཆོན་གྱིས་བཤད་རྒྱུར། 

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡང་ཡིན་པས།  སྔོན་གཤེགས་དཔའ་བོ་ཚོས་དེའི་དོན་དུ་རང་སྲོག་བློས་བཏང་བའི་ཕུགས་བསམ་རླབས་པོ་ཆེ་དེ་ང་ཚོས་གཏན་ནས་བརྗེད་མི་རུང་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་རུ་ལོ་རྒྱུས་ཀྱི་རྒྱུན་ཡག་པོ་རྩོམ་དགོས།  

བོད་ལྗོངས་དམག་ཁུལ་གྱི་པུའུ་ག་གེ་མོ། པེན་ཁྲིན་གྱིས་བཤད་རྒྱུར། 

དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་ན། མཛེས་སྡུག་གི་རི་ཀླུང་འདི་དག་འབྱུང་དཀའ་བ་ཞིག་ཡིན་པ་ཚོར་ཐུབ། མཐའ་སྲུང་དམག་མི་ཞིག་ཡིན་པའི་ཆ་ནས། ངས་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་ཡག་པོ་བྱས་ནས“དྭངས་གཙང་གི་བརྩེ་བ་ཀྲུང་གོའི་ཆེད་ཡིན་པ”སེམས་ལ་བཟུང་ནས་བྱ་སྤྱོད་ཐོག་མངོན་རྒྱུ་ཡིན་ལ། སློབ་སྦྱོང་ལ་འབད་བརྩོན་དང་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱས་ཏེ། ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་སྐྱིད་སྲུང་རྒྱུ་ཡིན།  

མི་རབས་གཅིག་ལ་མི་རབས་གཅིག་གི་རྒྱང་སྐྱོད་ཡོད་པ་དང་མི་རབས་གཅིག་ལ་མི་རབས་གཅིག་གི་འགན་འཁྲི་ཡོད། འཐབ་ལམ་གསར་པ་རུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དུང་ཕྱུར་མང་པོས་དཔའ་བོར་བརྩི་མཐོང་དང་སྤྱོད་ཡོན་གཉིས་ལྡན་ལ་མིག་བལྟ། འབད་འབུངས་ཡར་བརྩོན་གྱི་བྱ་སྤྱོད་ཀྱིས་་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།