
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། འགོ་འཛུགས་ས་གསར་པ་རུ། གསར་བརྗེའི་སྔོན་རབས་པ་ཚོས་གསར་གཏོད་བྱས་པའི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ་བསྟན། དྭངས་གསལ་དུས་ཚིགས་སྐབས་སུ། མི་རྣམས་སྔོན་གཤེགས་དཔའ་བོའི་བང་སོ་དང་། གསར་བརྗེའི་གནས་རྙིང་ལ་མཇལ་སྐོར་བྱས་ནས། རྣམ་པ་དུ་མས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་བཞག
གཞུང་སེམས་དྲང་བའི་དཔའ་བོའི་ཉམས་ཀྱིས་གནམ་ས་གཡོ། ཟླ4པའི་ཚེས5ཉིན་ནི་དྭངས་གསལ་དུས་ཚིགས་ཡིན། ཁྲོན་ཧྲའན་གསར་བརྗེའི་རྟེན་གཞིའི་ས་ཁུལ་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ་དང་། ནན་ཅིན་ཡུས་ཧྭ་ཐའེ་སྔོན་གཤེགས་དཔའ་བོའི་བང་སོ། ཧྲེན་དབྱང་མེ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོ་བཅས་སུ། མི་རྣམས་ཀྱིས་རུ་སྟར་གྲལ་འགྲིག་པོ་བསྒྲིགས་པ་དང་། གུས་སྟབས་ཀྱིས་ལངས་ནས་ངག་བསྡམས་མྱ་ངན་ཞུས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོ་ལ་བླ་ན་མེད་པའི་གུས་འདུད་ཞུས།
སི་ཁྲོན་ཞིང་ཆེན་ཐུང་ཅང་རྫོང་ཚོད་ལྟའི་སློབ་ཆུང་གི་དགེ་རྒན། ཁྲེན་སེན་གྱིས་བཤད་རྒྱུར། ང་ཚོས་སྔོན་རབས་པའི་རྐང་རྗེས་དེད་ནས། གསར་བརྗེའི་ཁྲག་རྒྱུན་འདི་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ་རང་ཉིད་ཀྱི་ལང་ཚོ་དང་བློ་གྲོས་ཚང་མ་གསར་བརྗེའི་གནས་རྙིང་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལག་ལེན་ནང་འབུལ་དགོས་ཟེར།
ལོ་རྒྱུས་བློ་ལ་བརྟན་པོར་ངེས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བརྩེ་གཏོད་སར་ཞབས་ཀྱིས་དངོས་སུ་བཅགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཙུན་དབྱི་དང་ཡན་ཨན། ཏ་པིའེ་རི་ཁུལ་དང་ཐའེ་ཧང་རི་ཁུལ་སོགས། ཁོང་ཉིད་སྐུ་དངོས་སུ་སྔོན་གཤེགས་དཔའ་བོའི་རྗེས་དྲན་ས་གནས་དང་གསར་བརྗེའི་རྗེས་དྲན་ཁང་དུ་ཐེངས་མང་ཕེབས་ནས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པར་མ་ཟད། གནས་ཡུལ་མང་པོ་ནས་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་སྒྲོག་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས། ང་ཚོས་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་ཆེད་དུ་མཛད་རྗེས་བཞག་པ་དང་རང་སྲོག་བློས་བཏང་བའི་དཔའ་བོ་དཔེ་བཟང་མི་སྣ་ཡོད་ཚད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཁོང་ཚོ་ལས་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་ཆེད་ཞུམ་མེད་འབད་འཐབ་དང་། དཀའ་སྤྱད་འབད་བརྩོན། འབད་འཐབ་ལྷོད་མེད་བྱེད་དགོས་པ་ནན་གྱིས་བསྟན།
མེ་ཏོག་སྔོན་གཤེགས་དཔའ་བོར་འབུལ། སྙིང་སྟོབས་མི་རབས་རེ་རེར་བརྒྱུད་སྤྲོད་བྱེད།
ཨན་ཧུའེ་ཅིན་ཀྲའེ་རུ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་མཆོད་རྟེན་འགྱིང་ངེར་ཡོད་ལ། འཐབ་མོ་བ་རྒན་གྲས་དང་སྔོན་གཤེགས་དཔའ་བོའི་ནང་མི། སློབ་མའི་འཐུས་ཚབ་བཅས་ཀྱིས་མེ་ཏོག་སོས་པ་ཕུལ་ནས་མྱ་ངན་ཞུས། ཅང་ཞི་རི་བོ་ཅིན་ཀང་དུ། མི་རྣམས་ཀྱིས་མིང་མེད་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ་བ་དང་། གནས་འདིར་ཡོད་པའི་སྔོན་གཤེགས་དཔའ་བོ48000ལྷག་ལ་མཆོད་འབུལ་ཞུས། ཁྲུང་ཆིང་དུ། མི་རྣམས་ཀྱིས་བྲག་དམར་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས་ནས། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་ཕུགས་བསམ་དད་མོས་ཇེ་བརྟན་དུ་བཏང་། པེ་ཅིང་དང་ཀོང་ཀྲོའུ། ཧྲང་ཧའེ། ཐེན་ཅིན་སོགས་ནས། སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་ཚབ་ཀྱིས་མཉམ་དུ་མི་རིགས་རང་བཙན་དང་བཅིངས་འགྲོལ་ཐོབ་པ། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་ཆེད་རང་སྲོག་བློས་བཏང་བ་དང་མཛད་རྗེས་བཞག་པའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས་ནས་ཁོང་ཚོའི་མཛད་རྗེས་ཡིད་ལ་བརྟན་པོར་བཅངས་པ་དང་ཁོང་ཚོའི་སྙིང་སྟོབས་དར་སྤེལ་བཏང་།
ཐེན་ཅིན་གྲོང་ཁྱེར་ཧི་ཏུང་ཆུས་ཐང་ཅ་ཁོའུ་ཁྲོམ་གཞུང་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ། ཡུའེ་ཧྲན་གྱིས་བཤད་རྒྱུར། འདི་ནི་རྗེས་དྲན་ཞུ་བ་ཙམ་མ་ཡིན་པར། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཏང་གི་སློབ་ཁྲིད་ཡག་པོ་ཞིག་ཀྱང་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་དེ་ཡིད་ལ་བརྟན་པོར་བཟུང་ནས། དངོས་སྒྲུབ་འགན་ཁུར་ལ་བརྟེན་ནས་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་དགོས་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལས་བཀོད་པའི་རླབས་ཆེན་འཆར་འགོད་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་བདེ་སྐྱིད་དུ་བསྒྱུར་དགོས་ཟེར།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་རེད། ས་གནས་སོ་སོས་གསར་བརྗེའི་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ། ཅི་ལིན་ཕེན་ཧྲི་རུ། མི་རྣམས་ཀྱིས་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་དཔུང་གིས་དཀའ་སྡུག་ཚད་མེད་མྱངས་པའི་འཐབ་འཛིང་ལ་ཕྱིར་དྲན་བྱས། ཧྲན་ཞི་དབྱང་ཆོན་དུ། མི་རྣམས་ཀྱིས་ཏང་གིས་འཇར་འགོག་དམག་དམངས་ཀྱི་འགོ་ཁྲིད་དེ་དགྲ་བོར་མཉམ་སྡང་དང་དཔའ་ངར་ཆེན་པོས་ཕྱི་དགྲ་བཀག་པའི་འོད་སྟོང་འབར་བའི་ལོ་རྒྱུས་རྒྱུས་ལོན་བྱས། མཚོ་སྔོན་མཚོ་བྱང་དུ། མི་རྣམས་ཀྱིས་མདེལ་གཉིས་སྐར་གཅིག་ཐད་མཛད་རྗེས་ཆེན་པོ་འཇོག་མཁན་རྣམས་མཐོ་སྒང་དུ་གཞི་ཚུགས་ཤིང་། རང་མིང་སྦ་གསང་བྱས་ནས་རྒྱལ་ཁབ་ལ་མཛད་རྗེས་བཞག་པའི་བརྩེ་བ་རླབས་ཆེན་མྱོང་ཚོར་བྱས། མི་རྣམས་ཀྱིས་དཔའ་བོར་རྗེས་དྲན་ཞུ་བ་དང་ལོ་རྒྱུས་ཡིད་ལ་བརྟན་པོར་བཅངས་ཞོར་དུ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། རྒྱལ་གཅེས་ཀྱི་བརྩེ་འདང་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་དེ་རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་ལག་ལེན་ཁྲོད་འདྲེས་པར་བྱས།
རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ལེགས་པར་བསྐྱོད། ཧྥུའུ་ཅན་ཁྲང་ཐིང་དུ། ཞིབ་འཇུག་སློབ་སྦྱོང་ཚོགས་པ་དམར་དམག་རྒྱང་སྐྱོད་ཀྱི་སྡེ་བ་དང་པོ་སྟེ། ཀྲུང་ཧྥུའུ་སྡེ་བར་སོང་ནས་གསར་བརྗེའི་རྗེས་ཤུལ་འཚོལ་སྙེག་བྱས། ཀོང་ཞི་ཆོན་ཀྲོའུ་རུ། དམར་དམག་རྒྱང་སྐྱོད་ལས་ཞང་ཅང་གཙང་པོའི་གཡུལ་འགྱེད་རྗེས་དྲན་ཁང་དུ་ཡུལ་སྐོར་བ་མང་པོ་སླེབས།
ཀུའེ་ཀྲོའུ་ཞི་ཧྲུའེ་རུ། མི་རྣམས་ཀྱིས་ཁྲི་ཧྲུའེ་ཆུ་བོ་ཐེངས་བཞི་བརྒལ་བའི་རྗེས་དྲན་ཁང་དུ་ལྟ་སྐོར་བྱས་ཏེ། ཧ་ལས་ཤིང་ཧང་སངས་པའི་གཡུལ་འགྱེད་ཀྱི་གཏམ་རྒྱུད་ལ་ཉན། ཧྲའན་ཞི་ཝུའུ་ཆི་རུ། དགེ་སློབ་ཚོ་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་རྗེས་དྲན་ཁང་དུ་སོང་ནས། གྲངས་འཛིན་ཅན་གྱི་འགྲེམས་སྟོན་བྱེད་ཐབས་དང་སེམས་ཀྱིས་ཡུལ་རྣམ་ཉམས་སུ་མྱོང་བའི་རླབས་ཆེན་རྒྱང་སྐྱོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ཚང་མས། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་འཐབ་ལམ་གསར་པ་རུ་བྱས་རྗེས་གསར་པ་འཇོག་དགོས་པ་བསྟན།