
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསར་དར་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། ནུས་ཁུངས་གཙང་མའི་རྟེན་གཞི་སྐོར་ཞིག་དང་གློག་ཤུགས་སྐྱེལ་འདྲེན་རྒྱུ་ལམ་སོགས་བཟོ་སྐྲུན་གལ་ཆེན་དམ་འཛིན་སྒོས་འཛུགས་སྐྲུན་བྱེད་པ་དང་། གསར་དར་ནུས་ཁུངས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས་པར་མ་ཟད། ཀྲུང་གོའི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ནུས་ཁུངས་བདེ་འཇགས་ལ་ནུས་ཡོད་སྒོས་འགན་སྲུང་བྱེད་དགོས།
དྭངས་གསལ་གུང་གསེང་གི་སྐབས་སུ། མི་རྣམས་ཕྱི་རུ་ལྟ་སྐོར་དུ་སོང་ནས། ནུས་ཁུངས་གསར་པའི་རླངས་འཁོར་གྱི་འགྲོ་འོང་ཚད་ཧ་ཅང་མཐོ། གུང་གསེང་གི་ཉིན་སྔོན་མ་ལ་གཉིས་ལ། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲའི་ལས་གཉེར་ཁུལ་ཁོངས་སུ། ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ཚད་ན་ནིང་གི་དུས་མཉམ་ལས30%ཡས་མས་འཕར་ཡོད་པ་དང་། རང་རྒྱལ་གྱི་གློག་ཤུགས་མཁོ་འདོན་ནུས་པ་ཆེན་པོས་གློག་གསོག་པའི་དགོས་མཁོ་ཆེན་པོ་བསྐངས། ད་ལོའི་ཟླ2པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་རླུང་གློག་འོད་བརྟེན་འཕྲུལ་ཆས་སྒྲིག་སྦྱོར་ཚད་སྟོང་ཝ་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བྱེ་བ་བརྒྱད་དུ་སླེབས་ནས། ན་ནིང་གི་དུས་མཉམ་ལས28.8%འཕར་ཡོད་ལ། ཡང་བསྐྱར་འབྱུང་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཁྲག་ཆེན་བཞི་ལས་བརྒལ་ནས། རྒྱལ་ཡོངས་ཀྱི་གློག་འདོན་ཚད་བསྡོམས་འབོར་གྱི་བཅུ་ཆའི་བཞི་ཡས་མས་ཟིན་ཏེ་གསར་དར་ནུས་ཁུངས་མ་ལག་འཛུགས་སྐྲུན་བརྟན་བརླིང་ངང་ཇེ་མགྱོགས་སུ་སོང་།
གསར་དར་ནུས་ཁུངས་མ་ལག་འཛུགས་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གོ་ལ་ཧྲིལ་པོའི་ནུས་ཁུངས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱེད་པ་དང་། ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་ཟབ་མོ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་དར་ནུས་ཁུངས་མ་ལག་མགྱོགས་མྱུར་སྒོས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་གཅིག་གྱུར་འཆར་འགོད་བྱེད་པ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཉིང་གློག་འཕེལ་རྒྱས་སུ་གཏོང་བ། ནུས་ཁུངས་ཐོན་སྐྱེད་དང་འདོན་སྤྲོད། གསོག་འཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
ཅང་མ་འགོར་བའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་གཟིགས་ཞིབ་གནང་སྐབས་བསྟན་དོན། ནུས་ཁུངས་ཀྱི་གནད་དོན་ནི་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་ཀྱི་གནད་དོན་ཞིག་ཡིན། ང་ཚོས་རླུང་གློག་དང་འོད་བརྟེན་སྔོན་ལ་གསར་སྤེལ་བྱས་པ་དང་། ད་ལྟ་བལྟས་ཡོང་ན་དེར་རྒྱང་ལྟའི་རང་བཞིན་ལྡན་པ་རེད། དུས་མཚུངས་སུ། སོལ་གློག་ནི་ང་ཚོའི་ནུས་ཁུངས་ཀྱི་རྨང་གཞི་ཡིན་པས། འདེགས་སྐྱོར་གྱི་ནུས་པ་ཆེན་པོ་འདོན་སྤྲོད་བྱེད་དགོས། ངེས་པར་དུ་དྭངས་གཙང་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནུས་ཁུངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སའོ་མེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་དར་ནུས་ཁུངས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ཏེ། ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་པ་དང་། ནུས་ཁུངས་ཚུལ་སྒྱུར་དང་འཕོ་འགྱུར་གྱི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་དུས་ཡུན་རིང་འབྲིང་གི་དུས་སྐབས་ཤིག་གི་རང་རྒྱལ་གྱི་ནུས་ཁུངས་འཕེལ་རྒྱས་ལ་རྩ་བའི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་མ་ཟད། རང་རྒྱལ་ནུས་ཁུངས་ཀྱི་རྒྱལ་ཁབ་ཆེན་མོ་ནས་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་བའི་རླབས་ཆེན་གྱི་འཆར་འགོད་གནང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པར་བདེ་འཇགས་དང་བློ་གཏད་ཆོག་པའི་ནུས་ཁུངས་འགན་སྲུང་མཁོ་འདོན་བྱས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ལས། ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དག་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་མཐོ་ཡི་ནུས་ཁུངས་མ་ལག་གསར་པ་གང་མགྱོགས་ངང་འཛུགས་སྐྲུན་བྱས་ནས། ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱིས་གསར་དར་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔར་ལས་སྟོབས་དང་ལྡན་པའི་ནུས་ཁུངས་མཁོ་སྤྲོད་མུ་ཕྲེང་བཏོད་དེ། ནུས་ཁུངས་ལས་རིགས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གསར་དར་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱས་ཏེ། ནུས་ཁུངས་སྔར་ལས་ལྗང་མདོག་ཅན་ཏུ་བསྒྱུར་དགོས། ལོ་གསར་པ་ནས་བཟུང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་། འབྲི་ཆུའི་སྟོད་རྒྱུད་དུ། ཡར་ཀླུང་གཙང་པོའི་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་གྱི་རྟེན་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ལོ་རེར་ཏུའུ་ཁྲག་ཁྲིག་གཉིས་ཀྱི་དག་གཙང་གློག་ནུས་མཁོ་འདོན་བྱས་ཆོག མིག་སྔར། “བྱང་གསུམ”རླུང་གློག་གི་འོད་བརྟེན་རྟེན་གཞི་དང་མཚོ་ཐོག་རླུང་གློག་རྟེན་གཞི། མཚོ་རྒྱུད་ཉིང་གློག་སོགས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། རང་རྒྱལ་གྱིས་འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱི་ལོ་བཅུའི་ལྡབ་འཕར་འགུལ་སྐྱོད་སྤེལ་ཏེ། རླུང་དང་འོད་ཀྱི་ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་ཆས་ལོ་རེར་ཆ་སྙོམས་ཀྱིས་སྟོང་ཝ་དུང་ཕྱུར་གཉིས་འཕར་ནས། “རླུང་དང་འོད། ཆུ”སྔར་ལས་མང་པོ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་ངེས།
གསར་དར་ནུས་ཁུངས་གསར་པ་འཛུགས་སྐྲུན་བྱེད་དགོས་ན། གློག་ཤུགས་སྐྱེལ་འདྲེན་རྒྱུ་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཡོངས་ཀྱི་གློག་ཤུགས་མ་ལག་གི་ཕན་ཚུན་གསབ་རེས་དང་ཕན་ཚུན་རོགས་སྐྱོར། བདེ་འཇགས་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། མི་འགྱངས་བའི་སྔོན་ལ། ཨན་ཧུའེ་དང་ཧུའུ་པེ་ཡི་གློག་ཤུགས་རོགས་རེས་བཟོ་སྐྲུན་ལས་འགོ་བརྩམས་པ་དེ་ནི་རང་རྒྱལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་ཐོག་མར་ལས་འགོ་བརྩམས་པའི་སྐྱེལ་འདྲེན་བཟོ་སྐྲུན་ཞིག་ཡིན།
རྒྱལ་ཁབ་གློག་དྲ་ཨན་ཧུའེ་འཛུགས་སྐྲུན་ཀུང་སིའི་ལས་གཞི་ལག་བསྟར་སྤྱི་གཉེར་བ་ལིའུ་ཡོན་གྱིས་བཤད་རྒྱུར། ཞིང་ཆེན་གཉིས་ཀྱི་གློག་སྤྱོད་ཐེག་ཚད་ཀྱི་ཕན་ཚུན་ཁ་གསབ་དང་འཕྲལ་བསྟུན་གསབ་རེས་ནུས་པ་ཆེ་རུ་བཏང་སྟེ། གློག་ཤུགས་བཀོད་སྒྲིག་སྔར་ལས་བློ་གཏད་ཆོག་པར་བྱེད་དགོས།
ད་ལོའི་ཚུན་དུ། རང་རྒྱལ་གྱི་གློག་དྲའི་དངུལ་གཏོང་མགྱོགས་མྱུར་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཟླ་དང་པོ་ནས་གསུམ་པའི་བར་གྱི་དངུལ་གཏོང་སྡོམ་འབོར་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་དྲུག་ལས་བརྒལ།ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས། མཐོ་གནོན་ཐད་རྒྱུག་ལས་གྲྭའི་སྐུད་ལམ15ཐོན་སྐྱེད་བྱེད་འགོ་རྩོམ་རྒྱུ་ཡིན་པ་དང་། སྔོན་རྩིས་བྱས་ན་གློག་དྲའི་དངུལ་གཏོང་སྒོར་ཁྲག་ཆེན་ལྔ་ལས་བརྒལ་ངེས་ཤིང་། ནུབ་གློག་ཤར་སྐྱེལ་བྱེད་ནུས་སྟོང་ཝ་དུང་ཕྱུར་བཞི་བྱེ་བ་གཉིས་ཡན་ལ་སླེབས་ནས། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་ལོ་རེར་སྟོང་ཝ་བྱེ་བ་བརྒྱད་ཡན་གྱི་གློག་སྤྱོད་དགོས་མཁོ་གསར་པར་འགན་སྲུང་ནུས་ལྡན་བྱས་ཏེ། གློག་ཤུགས་བདེ་འཇགས་དང་བློ་གཏད་ཆོག་པའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་བྱེད་པར་ད་དུང་འགྱུར་རྡོའི་ནུས་ཁུངས་གཙང་ཞིང་ལས་ཆོད་ཆེ་བའི་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། རང་རྒྱལ་གྱིས་སོལ་གློག་འཕྲུལ་ཚན་གྱི་ནུས་གྲོན་ཐཱན་ཉུང་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། ཐཱན་འཛིན་བེད་སྤྱོད་དང་བཀག་སྡོམ་ཉར་ཚགས་སོགས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་རེད།
རྒྱལ་ཁབ་ནུས་ཁུངས་ཅུས་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་རེན་ཡུས་ཀྲི་ཡིས་བཤད་རྒྱུར།ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས། རང་རྒྱལ་གྱིས་ནུས་ཁུངས་ཀྱི་མཁོ་སྤྲོད་རྒྱུན་མཐུད་དང་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་། རླུང་གློག་དང་འོད་བརྟེན། ཆུ་གློག ཉིང་རྡུལ་ནུས་པ། སྐྱེ་དངོས་ཀྱི་གཤིས་ནུས་སོགས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ནུས་ཁུངས་མ་ལག་གསར་པ་དང་མཐུན་པའི་ཚོང་ར་དང་རིན་གོང་རྐྱེན་སྲོལ་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ། ཆིང་ནུས་དང་གསོག་ནུས་གསར་བ། ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་སོགས་ཀྱི་ལག་རྩལ་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་མ་ལག་གསར་པ་བསྐྲུན་རྒྱུ་རེད།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལྟར། 2030ལོར་སླེབས་དུས། ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་བསྡུར་ཚད50%ལས་བརྒལ་བ་དང་། འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱིས་ནུས་ཁུངས་འཛད་སྤྱོད་སྡོམ་འབོར་ཁྲོད་ཟིན་པའི་བསྡུར་ཚད25%ལ་སླེབས་ངེས། སྔར་ལས་ལྗང་མདོག་སྣ་མང་དང་སྔར་ལས་མཉེན་ཆ་ལྡན་པའི་ནུས་ཁུངས་མ་ལག་གསར་པ་ཞིག་གིས་རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་སྲུང་མཁོ་འདོན་བྱ་རྒྱུ་རེད།