
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་བཤད་བྱས་ཡོད། ཀོང་ཞི་དང་ཁྲུང་ཆིང་གིས་རང་ངོས་ཀྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱས་ནས་སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།
ཉིན་འདི་དག་གི་རིང་ལ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཧོང་པའེ་ལྕགས་ལམ་གྱི་ན་མེང་ཁྲེང་པི་གཙང་པོའི་ཟམ་ཆེན་བསྟུད་མར་ཨར་ལས་བྱེད་བཞིན་ཡོད། མིག་སྔར། ཧོང་པའེ་ལྕགས་ལམ་ཀོང་ཞི་དུམ་བུའི་ཟམ་འོག་བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་འཐབ་ཇུས་བགྲོད་ལམ་གཙོ་བོ་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་འདིའི་མདུན་དུ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ཀོང་ཞི་ཡིས་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། མཁའ་འགྲུལ་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་སྤྱི་འདོམས་སྐུལ་འདེད་བཏང་ནས། བགྲོད་ལམ་དང་ལྟེ་བའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་། ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་མོ་འཛུགས་སྐྲུན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་འགུལ་གྱིས་སྦྲེལ་མཐུད་བྱས་ཏེ། “ཕྱི་རྒྱལ་གྱི་ཐོན་ཁུངས་དང་ཀོང་ཞིའི་བཟོ་སྐྲུན། གོ་ལ་ཧྲིལ་པོའི་ཁྲོམ་ར”བཅས་མཉམ་འབྲེལ་གྱི་རྒྱལ་ཁོངས་བརྒལ་བའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་འཛུགས་རྒྱུ་རེད།
ཉེ་ཆར། བྱེ་ཐང་རླངས་འཁོར་གྱི་ལྷུ་ལག་བཅུག་ཡོད་པའི་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་དུས་གཏན་མེ་འཁོར་ཞིག་ཁྲུང་ཆིང་ནས་ལམ་ལ་ཆས་ཏེ་ཀོང་ཞི་ཆིན་ཀྲོའུ་གྲུ་ཁར་མཚོ་ཐོག་སྐྱེལ་འདྲེན་སྦྲེལ་མཐུད་བྱས་རྗེས། མཐར་ཝེ་ཐེ་ནམ་གྱི་མཚོ་སྲུང་དུ་འབྱོར་བར་ཉིན4ནས5ལས་འགོར་གྱི་མེད་པ་དེ་སྲོལ་རྒྱུན་གྱི་གཙང་པོ་དང་རྒྱ་མཚོའི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཕན་འབྲས་དང་བསྡུར་ན80%ལྷག་མཐོ་རུ་ཕྱིན་ཡོད། 2026ལོར། ཁྲུང་ཆིང་གིས་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་དངོས་ཟོག་སྐྱེལ་འདྲེན་དང་། ཆུ་ལམ་དང་ལྕགས་ལམ་གྱི་མཉམ་འབྲེལ་སྐྱེལ་འདྲེན། ཀྲུང་གོ་དང་། ལའོ་ཝུའོ། ཐེ་ལན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་དུས་གཏན་མེ་འཁོར་སོགས་སྣ་མང་མཉམ་འབྲེལ་སྐྱེལ་འདྲེན་གྱི་འདུས་གྲུབ་ཐོན་རྫས་བཏོན་ནས། ཞབས་ཞུ་རིམ་འཇུག་དང་། སྒྲིག་སྲོལ་གསར་གཏོད། གྲངས་རིག་ནུས་སྩོལ་སོགས་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད།
སྐམ་སའི་དབུས་ཁུལ་སྒོ་འབྱེད་ཀྱི་ཕྱོགས་བསྡུས་ལྟེ་གནས་གང་མགྱོགས་སྒོས་འཛུགས་པར་དམིགས་ནས། ཁྲུང་ཆིང་གིས་བགྲོད་ལམ་ཟོང་འགྲུལ་དང་འཁོར་གཉེར་རྩ་འཛུགས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནང་ཁུལ་དུ“མཇུག་མཐའི་སྤྱི་ལེ་གཅིག”གི་ཟོང་འགྲུལ་འཁོར་རྒྱུག་ཆུང་ངུ་ཤར་གཏོང་དང་། ཕྱི་ཕྱོགས་སུ་ཕྱི་རྒྱལ་གྱི་འགག་རྩའི་མཚམས་ཚིགས་དྲ་བ་ཇེ་ལེགས་སུ་བཏང་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ཤུགས་རྐྱེན་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག གྲུ་ཁ་དང་བར་སྣང་། ལྕགས་ལམ་བཅས་དང་ཉེ་བའི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་གསོ་སྐྱོང་བྱས་ནས། བགྲོད་ལམ་གྱི་ཉོ་ཚོང་འབྲེལ་མཐུད་དང་། ཟོང་འགྲུལ་རྩ་འཛུགས། དངུལ་བསྲེས་དང་བསྡོམས་རྩིས་སོགས་ཐད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་རེད།