
དཔྱིད་རླུང་དལ་གྱིས་ལྡང་བ་དང་བསྟུན་ནས་སྐྱེ་དངོས་ཡོངས་ལ་གསོན་ཤུགས་རྒྱས། ཟླ4པའི་ཚེས9ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཟི་ལིང་གྲོང་ཁྱེར་ཞའོ་ཡིའུ་ཧྲན་ལྗང་སྒྱུར་ཁུལ་དུ་སོང་ནས། ལས་བྱེད་མང་ཚོགས་དང་མཉམ་དུ“ངས་མཚོ་སྔོན་དུ་བླ་ཤིང་འཛུགས”ཞེས་པའི་བརྗོད་དོན་གཙོ་བོའི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་བཟང་པོ་མཉམ་དུ་བསྐྲུན་ནས། ལྗང་མདོག་དེ་མཐོ་སྒང་གི་ས་གཞི་ཆེན་པོའི་རང་མདངས་མངོན་གསལ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།
ཞའོ་ཡིའུ་ཧྲན་ལྗང་སྒྱུར་ཁུལ་ནི་ཙོང་ཆུའི་རྒྱུད་ཀྱི་གཞི་ཁྱོན་ཅན་གྱི་ནགས་རའི་ཁོངས་སུ་གཏོགས་ཤིང་། དེ་ནི་སྐྱེ་ཁམས་ཉམས་གསོ་དང་ཆུ་ཁུངས་གསོ་གསོག མཛེས་ལྗོངས་ལེགས་སྒྱུར། ཚན་རིག་ཁྱབ་གདལ་དང་སློབ་གསོ་དྲིལ་སྒྲོག འོས་འགན་སྡོང་འཛུགས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་ལྗང་སྒྱུར་དཔེ་སྟོན་ཁུལ་ཞིག་རེད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་དང་། སྐལ་བཟང་ལྗང་མདོག་དང་བླངས་པའི་ཞབས་ཞུའི་རུ་ཁག་གི་དང་བླངས་པ། ལོ་ཆུང་གདོང་ལེན་རུ་མི། ལས་བྱེད་པ་དང་ལས་བཟོ་པའི་འཐུས་མི་སོགས་ཀྱིས་མཉམ་དུ་ལྕགས་ཁེམ་བཟུང་ནས་ས་བརྐོས་པ་དང་སྡོང་ཕྲུག་སྐྱོར་བ། ས་བཀབ་ནས་རགས་བསྐོར་བ། ཆུ་འདྲེན་པ་བཅས་བྱས་ནས་མཉམ་དུ“བླ་ཤིང”བཙུགས། སྦྱར་ཤིང་དང་སྒྲོན་ཤིང་། ཨར་སྡོང་། ཁམ་སྡོང་སོགས་སྡོང་ཕྲུག་དག་རླུང་བུའི་ཁྲོད་ཀྲོང་ངེར་འགྱིང་ཡོད་ལ། མཐོ་སྒང་གི་གནའ་གྲོང་ལ་སྐྱེ་སྟོབས་གསར་བ་བསྩལ་ཡོད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་སྡོང་བོ་འཛུགས་ཞོར་དུ་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་ལ། ཁོ་ཚོར་ཆུང་དུས་ནས་ངལ་རྩོལ་ལ་དགའ་བ་དང་། རང་བྱུང་ལ་དགའ་བའི་གཤིས་རྒྱུད་བཟང་བོ་སྐྱེད་སྲིང་བྱས་ཏེ། ཧུར་ཐག་གིས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་དུ་འགྱུར་བར་བྱ་དགོས་པའི་སྐུལ་ལྕག་བྱས།
བྱེད་སྒོའི་སྐབས་སུ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན་རྗེས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཀྱི་འགུལ་སྐྱོད་སྤེལ་ནས་ལོ45འཁོར་བའི་ལོ་ཡང་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས།“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བཅངས་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ཡག་པོ་བྱེད་པ་དང་། སྐལ་བཟང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་དང་ལས་དར། དམངས་ཕན་བཅས་ལ་སྔར་ལས་དོ་སྣང་ཆེན་པོ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ལྗང་མདོག་རྒྱ་བསྐྱེད་ལ་སྐུལ་ཁྲིད་བྱས་ཏེ་ལྗང་མདོག་རྒྱ་བསྐྱེད་པ་དང་ལྗང་མདོག་དར་སྤེལ་གཏོང་བ། ལྗང་མདོག་སྲུང་སྐྱོབ་བྱེད་པ། ལྗང་མདོག་ལ་དགའ་བ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་སྔར་ལས་བཟང་པོར་འཆམ་མཐུན་མཉམ་གནས་བྱེད་དུ་འཇུག་དགོས། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གླིང་ཁུལ་གྱི་མཛེས་ལྗོངས་ལེགས་སྤེལ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སོགས་ཀྱི་བྱ་བ་ལེགས་པར་སྒྲུབ་སྟེ། སྔོ་ལྗང་གི་རི་བོ་སླར་གསོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་སྔར་ལས་མང་པོའི་ལྗང་མདོག་གི་ཐོབ་སྣང་འབྱུང་དུ་འཇུག་དགོས། རྒྱལ་དབང་ནགས་རའི་ནུས་པ་འདོན་སྤེལ་བྱས་ཏེ། རྗེས་ཕྱོགས་ཀྱི་དོ་དམ་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོར་འདེགས་ནན་མོ་བཏང་ནས། སྡོང་བོ་གཅིག་བཙུགས་ན་གཅིག་གསོན་པ་དང་། སྡོང་བོ་གཅིག་བཙུགས་ན་ས་ཕྱོགས་གཅིག་ལ་ལྗང་མདོག་སྣོན་ཐུབ་པར་ཁག་ཐེག་བྱེད་དགོས།
རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། མཚོ་སྔོན་གྱི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལ་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་དེ། འོས་འགན་སྡོང་འཛུགས་ཁྲོད་སྡོང་རྐང་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་གཉིས་ཡན་བཙུགས་པ་དང་། ཟབ་ཞུགས་བྱས་པའི་མི་གྲངས་མི་ཐེངས་ས་ཡ་གསུམ་ལས་བརྒལ་ཡོད་ལ། བསྡོམས་པས་རྒྱལ་ཁོངས་ལྗང་སྒྱུར་གྱི་ཚད་སྤྱི་ཆིང་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བདུན་ལྷག་ཡོངས་འགྲུབ་བྱས་ཡོད།
ཤ་བོ་རིན་མཚོས་བསྒྱུར།