
ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། བསམ་བློ་ཀུན་སྤྱོད་དག་ཐེར་དང་། ཆབ་སྲིད་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་ཏེ། ཆབ་སྲིད་ཀྱི་རྣམ་པ་གསར་པའི་ཐོག་ནས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན། གསོ་སྦྱོང་ནང་ཞུགས་མཁན་རྣམས་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ནས།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ནས་དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དང་། སློབ་སྲོལ་དང་སྦྱོང་བརྡར་བྱེད་སྲོལ་ལེགས་བཅོས་ཧུར་ཐག་དང་། རང་ཉིད་གསར་བརྗེའི་སྙིང་སྟོབས་སྦྱོང་བརྡར་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྣང་བརྙན་ཡག་པོ་བསྐྲུན་ནས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བའི་ལེའུ་གསར་པ་ཧུར་ཐག་གཏོད་དགོས་པ་བསྟན།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བསམ་བློ་དག་ཐེར་དང་། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་ཟབ་སྤེལ། རང་རེའི་དམག་མི་ལས་བྱེད་པའི་དཔུང་ཁག་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་ལྷད་མེད་གཟི་ཉམས་རྒྱུན་འཁྱོངས་བྱེད་དགོས།
ཤར་རྒྱུད་འཐབ་ཁུལ་གྱི་ཀྲང་ཅི་ཁྲུན་གྱིས་བཤད་རྒྱུར། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ལམ་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོའི་སྣེ་ཁྲིད་དེ་ཀུའུ་ཐེན་དུ་ལོག་ནས་འབྱུང་རྩ་རྩད་གཅོད་དང་། ཟིང་སེལ་ཡོ་བསྲང་དང་། ཡན་ཨན་སྙིང་སྟོབས་གཞིར་བཟུང་ནས་སྦྱོང་བརྡར་ལྷོད་མེད་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བསམ་བློ་དང་དཔུང་ཁག་ལ་བརྟེན་ནས་མི་དམངས་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་ཐད་སྣེ་ཁྲིད་གནང་། ཐེངས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཆབ་སྲིད་ཀྱི་སྐུལ་སློང་གནང་སྟེ། བསམ་བློའི་ཀུན་སྤྱོད་དག་ཐེར་སྤེལ་བ་དང་། ཆབ་སྲིད་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”ལེགས་པར་སྒྲུབ་པ་བཅས་བྱས་ཏེ། དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་མཐར་ཕྱིན་དང་། ཏང་ལ་བློ་སེམས་དཀར་པའི་ཆབ་སྲིད་ཀྱི་བླ་སྲོག་བསྐྲུན་དགོས་ཤིང་། རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་སྟེ་འཐབ་ཁུལ་ཏང་ཨུ་དང་རིམ་པ་སོ་སོའི་བཀོད་འདོམས་པ་སྔར་ལས་འགྱུར་མེད་སྟོབས་ལྡན་དང་ཉམས་སད་ཐེག་ཐུབ་པ་ཞིག་བྱས་ནས་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་བསྒྲུབ་དགོས་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རེའི་ཏང་དང་དམག་དཔུང་ནི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་རྡོག་རྩ་གཅིག་སྒྲིལ་བྱས་པ་ཡིན་པས། ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་ནན་ཏན་བྱེད་དགོས། དེའི་ནང་ཁྱབ་པའི་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་ཐབས་ཤེས་བཅས་ཁོང་དུ་ཆུད་པར་བྱས་ཏེ། གཞུང་ལུགས་ཐོག་གི་རིག་པ་གསལ་པོས་ཆབ་སྲིད་ཐོག་གི་བློ་རྩ་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། དམག་དཔུང་གི་འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་དགོས། སྐད་ཆ་དྲང་མོར་བཤད་པ་བཅས་ཀྱི་མིག་དཔེ་དང་མིའི་བློ་རྒྱ་ཆེ་རུ་གཏོང་དགོས། གནས་ཚུལ་ངོ་མ་བཤད་པ། གསན་འདེབས་ཀྱི་སྐད་ཆ་བཤད་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
བོད་ལྗོངས་དམག་ཁུལ་གྱི་ཧུའུ་ཞའོ་པའེ་ཡིས་བཤད་རྒྱུར། གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པར་ཤུགས་སྣོན་དང་། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་ནི་འགོ་ཁྲིད་ལས་བྱེད་པའི་ཐོག་མའི་བསམ་འདུན་དང་། ལྷག་བསམ་རྣམ་དག་གི་འགན་ལེན་གལ་ཆེན་ཡིན། ཐེངས་འདིའི་གསོ་སྦྱོང་ལ་ཞུགས་དོན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བླང་བྱ་ལྟར་རང་ཉིད་དངོས་སུ་དེའི་ནང་ཞུགས་སྟེ་བསམ་པའི་གཏིང་ནས་བསམ་བློ་གཏོང་བ་དང་འདྲི་རྩད་གཏིང་ཟབ་བྱེད་པ། རང་རྟོགས་ཀྱིས་བསམ་བློ་བསྒྱུར་བཀོད་བྱས་ནས་རང་ཉིད་གསར་བརྗེ་ཡང་དག་ཅིག་བྱེད་རྒྱུ་མངོན་འགྱུར་བྱེད་དགོས་ཟེར།
ང་ཚོའི་ཏང་ནི་ཐོག་མཐའ་བར་གསུམ་དུ་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན། རང་ཉིད་ལ་དམིགས་བསལ་ཁེ་ཕན་གང་ཡང་མེད་པ་དང་། སྒེར་དོན་དང་འདོད་རྔམ་རུལ་སུངས་ཀྱི་བསམ་བློ་དང་བྱ་སྤྱོད་མཐའ་དག་ཏང་གི་ངོ་བོ་དང་དམིགས་ཡུལ་དང་གཏན་ནས་མི་མཐུན།
ཐེངས་འདིའི་གསུང་བཤད་གལ་ཆེན་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་རང་རེའི་ཏང་དང་རང་དམག་གི་ཕུལ་བྱུང་སྲོལ་རྒྱུན་སླར་གསོ་དང་དར་སྤེལ་གཏོང་བ་དང་། དཔོན་ཉམས་སྤངས་ཏེ་གསར་བརྗེའི་དམག་མིའི་རང་གཤིས་སླར་གསོ་བྱས་ནས། དམག་དཔུང་གི་སྲོལ་གསར་སྤྱོད་བཟང་སྔར་ལས་རྒྱས་པར་བྱེད་དགོས། སྒྲིག་ཁྲིམས་ཤེས་པ་དང་སྒྲིག་ལམ་གསལ་བ། གུས་སྐྲག་གི་འདུ་ཤེས་ཡོད་པར་བྱེད་པ་དང་། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བར་བྱེད་པ། ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་བྱེད་པའི་ཐད་ནས་དམིགས་བསལ་མེད་པ་དང་། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་སྐབས་དམིགས་བསལ་མེད་པར་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད།
མེ་ཤུགས་འཕུར་མདའི་དམག་དཔུང་ག་གེ་མོའི་ཀྲང་ཀྲུང་མིང་གིས་བཤད་རྒྱུར། མཐོ་རིམ་ལས་བྱེད་པ་ནི་དམག་དཔུང་སྟོབས་ལྡན་ལས་དོན་རྐང་འཛིན་སྟོབས་ཤུགས་ཡིན་ཞིང་། ཕྲག་གི་འགན་འཁྲི་ཧ་ཅང་ལྕི་ལ། རྒྱབ་ཏུ་དམག་མི་ཁྲི་སྟོང་མང་པོ་ཡོད། ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཆབ་སྲིད་ལས་དོན་གྱི་གཙོ་འགན་འཁུར་མཁན་ཡིན་པའི་ངོས་ནས། སྒྲིག་ལམ་དམ་ཞིང་གཡུལ་ལས་རྒྱལ་ཐུབ་པའི་དམག་དཔུང་སྐྱེད་སྲིང་བྱེད་དགོས་པ་དང་། བྱ་བ་སྒྲུབ་སྟངས་ཧ་ཅང་མང་པ་དང་། དེ་ལས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་རང་ངོས་དམ་འཛིན་དང་རང་ངོས་དོ་དམ་ཡག་པོ་བྱེད་རྒྱུ་དེ་ཡིན་ལ། སྣེ་ཁྲིད་དེ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་། རང་རྟོགས་ཀྱིས་བཀུར་སྐྲག་བསམ་པ་རྒྱུན་འཁྱོངས་བྱེད་པ། ཇུས་འདོན་དབང་སྤྱོད་ཐད་རང་ཤེད་ཆེ་བ་མི་བྱེད་པ། ལམ་ལུགས་བརྩི་སྲུང་བྱེད་པའི་ཐད་དམིགས་བསལ་མི་བྱེད་པ། སྒེར་གྱི་འཚོ་བའི་ཐད་དམིགས་བསལ་མི་བྱེད་པར་དཔོན་ཉམས་སྤངས་པ། དཔོན་དམག་གི་ཁྲོད་དུ་བསྐྱོད་དེ་གསར་བརྗེའི་རྒན་རབས་པར་སློབ་སྦྱོང་བྱེད་པ། རང་ངོས་དྲང་གཞག་དང་རང་ནུས་ཆེར་སྐྱེད་བྱེད་པ། དཔོན་དམག་གི་ཡིད་རྟོན་བྱེད་ཆོག་པ་བཅས་བྱས་ནས། ཏང་ཨུའི་ཚན་ཁག་གི་སྣེ་ཁྲིད་དེ་སྣང་ཚུལ་བཟང་པོ་བསྐྲུན་པ་དང་མིག་དཔེ་ཡག་པོ་སྟོན་དགོས་ཟེར།
རྒྱལ་སྲུང་སློབ་ཆེན་གྱི་ཞ་ཀྲི་ཧོ་ཡིས་བཤད་རྒྱུར། ཡུལ་དངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ཏང་གཤིས་ཀྱི་སློབ་གསོ་དང་བླ་སྲོག་གི་བྱབས་ཁྲུས་ཐེངས་ཤིག་བརྒྱུད་པ་དང་། མཐོ་རིམ་ལས་བྱེད་པ་ནི་དམར་པོའི་རི་ཀླུང་སྲུང་བའི་གཞོམ་མེད་བྲག་རི་དང་། ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་རུ་སྟར་དང་པོ་ཡིན་ལ། ང་ཚོའི་སྐོར་འདིའི་སློབ་མ་དག་ཀྲུང་གོ་མི་དམངས་འཇར་འགོག་དམར་དམག་སློབ་ཆེན་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་དོན་ཆབ་སྲིད་སློབ་ཆེན་ཁྲག་རྒྱུད་རྒྱུན་འཛིན་བྱེད་པའི་རྒྱལ་སྲུང་སློབ་ཆེན་དུ་བསྐྱོད་ཚེ། དུས་དང་རྣམ་པ་ཀུན་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་རེ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཛིན་པ་དང་། རང་རེའི་ཏང་དང་རང་དམག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྣེ་ཁྲིད་དེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། གསར་བརྗེ་ཅན་དང་ཆེད་ལས་ཅན་གྱི་རྡུང་བཟོ་བྱེད་ཤུགས་ཆེ་རུ་བཏང་ནས། བློ་དཀར་སྤྱོད་གཙང་དང་འགན་འཁྲི་འཁུར་ཕོད་པ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་རྒྱལ་ཁབ་ཆེན་པོའི་དམག་མིར་འགྱུར་བར་འབད་བརྩོན་བྱེད་དགོས།