
ཨ་རི་དང་དབྱི་ལང་གི་གྲོས་མོལ་དེ་ཚེས11ཉིན་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པའོ་རུ་བསྡུ་རྒྱུ་གཏན་འཁེལ་བྱས་ཤིང་། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པ་སོ་སོར་དབྱི་ལང་དབྱི་སི་ལན་གྲོས་ཁང་གི་གྲོས་གཙོ་ཁ་ལིས་པཱ་ཧྥུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་གཉིས་ཀྱིས་སྣེ་ཁྲིད་ཡོད། ཚེས11ཉིན་གྱི་ཕྱི་དྲོར་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ཡིས་ཕྱོགས་གཉིས་ཀྱི་འཐུས་མི་ཚོགས་པ་དང་གྲོས་མོལ་བྱས།
ཡུལ་དངོས་གསར་འགོད་པ། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ། ཀྲང་ཡུའེ་ཡིས་བཤད་རྒྱུར། ངའི་རྒྱབ་ཕྱོགས་ནི་དབྱི་སི་ལམ་པའོ་ཡི་སའེ་ལའེ་ནཱ་གསོལ་མགྲོན་ཁང་ཡིན། གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱི་ལང་གི་གྲོས་མོལ་གསོལ་མགྲོན་ཁང་འདིའི་ནང་དུ་སྤེལ་རྒྱུ་ཡིན། ད་ལྟ་སྨྱན་བྱད་སོ་སོ་ཚང་མ་ཚོགས་ར་འདི་རུ་གཅིག་སྡུད་བྱས་ཡོད་ལ། ཚང་མས་དུས་ནམ་ཞིག་ལ། རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཐེངས་འདིའི་གྲོས་མོལ་སྤེལ་རྒྱུར་དོ་སྣང་བྱེད་ཀྱིན་ཡོད་ཟེར།
ཁཱ་ལི་པ་ཧྥུ་ཡིས་ཚེས11ཉིན་གྱི་ཐོ་རེངས་སུ་དབྱི་སི་ལམ་པའོ་རུ་འབྱོར་རྗེས་བསྟན་དོན། དབྱི་ལང་གིས་ཨ་རི་དང་གྲོས་མོལ་བྱ་རྒྱུར་ལྷག་བསམ་རྣམ་དག་ཡིན་མོད། “ཁ་དན་ཚིག་ལ་མི་གནས་པའི”ཨ་རི་ཕྱོགས་ལ་ཡིད་ཆེས་བྱེད་ཀྱིན་མེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཐེངས་འདིའི་གྲོས་མོལ་བརྒྱུད་མགོ་སྐོར་གཏོང་བ་ཡིན་ན། དབྱི་ལང་གིས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་གྲ་སྒྲིག་ལེགས་པོ་བྱས་ཡོད་ཟེར། ཁཱ་ལི་པ་ཧྥུ་ཡིས་ཚེས10ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། གྲོས་མོལ་བྱེད་འགོ་ཚུགས་པའི་སྔོན་འགྲོའི་ཆ་རྐྱེན་ནང་ལེ་པ་ནོན་དུ་དམག་མཚམས་འཇོག་པ་དང་དབྱི་ལང་གི་རྒྱུ་ནོར་བཀག་རྒྱ་གློད་རྒྱུ་དེ་ཡིན་ཟེར ཉིན་དེར། དབྱི་ལང་གི་དྲག་ཆས་དམག་དཔུང་ཧ་ཐ་མུའུ·ཨན་པི་ཡའི་ ཀྲུང་དབྱང་བཀའ་འཛིན་པུའུ་ཡི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རི་དང་དབྱི་སི་རལ་གྱིས་ཁ་དན་ཚིག་ལ་མི་གནས་པའི་རྐྱེན་གྱིས་དབྱི་ལང་གི་དྲག་ཆས་དམག་དཔུང་གིས་སྔར་བཞིན་ཕྱོགས་ཡོངས་ནས་དོགས་ཟོན་བྱ་རྒྱུ་སྲུང་འཛིན་བྱས་ཡོད། དེ་དང་ཆབས་ཅིག་དབྱི་ལང་གིས་ཧོ་འར་མུའུ་ཙི་མཚོ་འགག་གི་འཐབ་ཇུས་རང་འགུལ་དབང་ཆ་སྲུང་འཛིན་བྱ་རྒྱུ་ཡིན་ཟེར།
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས10ཉིན་བསྟན་དོན། ཨ་རི་ཕྱོགས་ཀྱི་གྲོས་མོལ་འཐུས་མི་ཚོགས་པའི་ལས་འགན་དང་པོ་ནི་དབྱི་ལང་ལ་ཉིང་རྡུལ་མཚོན་ཆ་དབང་ཐབས་མེད་པར་ཁག་ཐེག་བྱ་རྒྱུ་དེ་ཡིན། གྲོས་མོལ་གྱི་མཇུག་འབྲས་ནི་དུས་ཚོད་ཉེར་བཞིའི་ནང་དུ་གསལ་བོ་ཤེས་ལ།“དབྱི་ལང་གི་མཉམ་ལས་ཡོད་མེད་གང་ཡིན་རུང་། ཧོ་འར་མུའུ་ཙི་ མཚོ་འགག་མགྱོགས་མྱུར་སྒོས་སྒོ་འབྱེད་རྒྱུ་ཡིན་ཟེར། ཁོས་ད་དུང་བཤད་རྒྱུར། ཨ་རིའི་དམག་གྲུས་ཡང་བསྐྱར་མཚོན་ཆ་དང་རྫས་མདེལ་སྒྲིག་སྦྱོར་བྱེད་བཞིན་ཡོད་ལ། གལ་ཏེ་དབྱི་ལང་དང་ཞི་བདེའི་གྲོས་མཐུན་འཇོག་མ་ཐུབ་ཚེ། ཨ་རིས་དམག་དོན་འགུལ་སྐྱོད་སླར་གསོ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཟེར། ཨ་རིའི་སྨྱན་བྱད་ཀྱིས་ཚེས10ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམག་དཔུང་གིས་མུ་མཐུད་དུ་དབུས་ཤར་ས་ཁུལ་ལ་དམག་འཐབ་གནམ་གྲུ་དང་དམག་དཔུང་བཀོད་སྒྲིག་བྱས་ཏེ། རྗེས་མཐུད་བྱེད་སྲིད་པའི་དམག་དོན་འགུལ་སྐྱོད་ལ་གྲ་སྒྲིག་བྱས། གནས་ཚུལ་སྤེལ་བ་ལྟར་ན། འཐབ་འཛིང་གནམ་གྲུ་དང་ཕར་རྒོལ་གནམ་གྲུ་མང་པོ་ཉེ་སྔོན་དབུས་ཤར་ས་ཁུལ་དུ་འབྱོར་བ་དང་། ཨ་རིའི་སྐམ་དམག་དང་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་སྟོང་ཕྲག་ཁ་ཤས་ས་ཁུལ་དེར་སྐྱོད་བཞིན་ཡོད།
ཁ་བྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕྱོགས་སོ་སོས་གོ་སྐབས་དམ་འཛིན་གྱིས་རྒྱུན་སྲིང་ཕྱོགས་ཡོངས་ཀྱི་གྲོས་མཐུན་འཇོག་དགོས་པའི་འབོད་སྐུལ་བཏང་།
ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་གྲོས་མོལ་ལ་དགའ་བསུ་ཞུས་ཤིང་། ཕྱོགས་སོ་སོས་ཕྱི་འབྲེལ་གོ་སྐབས་དམ་འཛིན་བྱས་ཏེ། ཡུན་རིང་ཞིང་ཕྱོགས་ཡོངས་ཀྱི་གྲོས་མཐུན་ཞིག་འཇོག་རྒྱུར་གཞོལ་ནས། དུས་བབ་ཞི་ལྷོད་དུ་འགྲོ་བ་དང་དགྲ་ཟླར་འཛིན་པའི་འགུལ་སྐྱོད་སླར་ཡང་མི་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། ཀུ་ཐེ་ལེ་སི་ཡིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་སྟེ། རྒྱལ་སྤྱིའི་རྩོད་གཞི་ཞི་བས་ཐག་གཅོད་བྱ་རྒྱུ་ནི་ལག་བསྟར་བྱེད་ཆོག་པའི་ཐབས་ལམ་འབའ་ཞིག་ཡིན་པ་བསྐྱར་བསྒྲགས་བྱས།
དབྱི་ལང་སྨྱན་བྱད་ཀྱིས་ཚེས11ཉིན་དབྱི་ལང་སློབ་གསོ་པུའུ་ཡི་གནས་ཚུལ་དྲངས་ནས་སྤེལ་བར་ལྟར་ན། ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བ་ནས་བཟུང་དབྱི་ལང་གི་སློབ་མ་དང་དགེ་རྒན344རྐྱེན་ལམ་དུ་ཤོར་བ་དང་། དགེ་སློབ203ལ་རྨས་སྐྱོན་ཕོག ཨ་རི་དང་དབྱི་སི་རལ་གྱིས་འཇབ་རྒོལ་བྱས་པ་ལས་དབྱི་ལང་གི་སྲིད་འཛིན་དང་། རིག་གནས། སློབ་གསོ་སྤེལ་གནས་བཅས968ལ་གཏོར་བརླག་བཏང་།