
ཟླ4པའི་ཚེས7ཉིན་ནས་ཚེས9ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་དུ་སོང་ནས། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་སྐུལ་འདེད་སྲོལ་ཡིག》དང《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཧའེ་ཏུའུ་རི་བོའི་ས་གཤིས་རྗེས་ཤུལ་སྲུང་སྐྱོབ་སྲོལ་ཡིག》ཐད་ནས་ཁྲིམས་འཛུགས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་མང་ངེ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་བར་ཉན་ཞིང་གྲོས་སྡུར་བརྗེ་རེས་བྱས། ལྗོངས་ཁུལ་ཁ་ཤས་སུ་སོང་ནས་ཁེ་ལས་གསར་སྤེལ་འཛུགས་སྐྲུན་ཐད་ཡུལ་དངོས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་ནུབ་ཁུལ་གྱིས་ཁྱད་འཕགས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ཏེ། མཆོག་གྱུར་གྱི་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་། ཞབས་ཞུའི་ཆ་སྡེབ་སྒྲིག་གཞིའི་འཛུགས་སྐྲུན་མུ་མཐུད་ལེགས་སྒྱུར་བྱེད་པ། མགྱོགས་དལ་རན་པའི་ཡུལ་སྐོར་མ་ལག་གྲུབ་པར་བྱེད་པ། ལྟ་སྐོར་ཉམས་ལེན་གྱི་མུ་ཕྲེང་ཇེ་རིང་དུ་གཏོང་བ། གཞི་གྲངས་ཅན་དང་རྒྱལ་སྤྱི་ཅན་གྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། ལམ་ཐིག་རིང་ཞིང་སྐོར་ལམ་ཐུང་བའི་གནད་དོན་མེད་པར་བཟོ་བ་དང་། གནས་ཡུལ་འབྲེལ་མུར་གྲུབ་པ་དང་ལམ་ཐིག་གཅིག་འབྲེལ་གྱི་རྣམ་པ་གྲུབ་པར་བྱས་ནས། སྐོར་ལམ་གཅིག་དང་ཕྱོགས་མང་སྣེ་ཁྲིད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མུ་མཐུད་དུ་བསྐྲུན་དགོས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་ལུགས་མཐུན་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། གསར་སྤེལ་གཙོར་འཛིན་དང་སྲུང་སྐྱོབ་ལྷོད་གཡེང་གི་རྣམ་པ་གཏན་འགོག་བྱེད་དགོས། ས་གཤིས་རྗེས་ཤུལ་སྲུང་སྐྱོབ་དང་གཏེར་རྫས་ཐོན་ཁུངས་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཐོན་ཁུངས་རིགས་བགར་དང་ཁུལ་ཁོངས་བགར་བའི་དོ་དམ་མངོན་འགྱུར་བྱེད་དགོས། ཐོན་ཁུངས་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཀྱི་མཉམ་སྤྱོད་མཉམ་བཅོས་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཤུགས་ཆེན་པོས་མཉམ་སྡོམ་གྱི་མ་ལག་འཛུགས་དགོས། ཁོངས་གཏོགས་དོ་དམ་དང་ཁོངས་བརྒལ་མཐུན་སྦྱོར་བཅོས་སྐྱོང་གི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཐོན་ཁུངས་གཞི་གཅིག་ཅན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། གདོད་མའི་རྣམ་པ་སྲུང་སྐྱོབ་དང་ཚན་རིག་གི་སྐྱེ་ཁམས་ཉམས་གསོའི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་གདོད་མའི་རྣམ་པར་སྲུང་སྐྱོབ་བྱེད་དགོས། ཐོན་ཁུངས་སྲུང་སྐྱོབ་དང་ཁུལ་ཁོངས་དམངས་འཚོའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཐོན་ཁུངས་སྲུང་སྐྱོབ་དང་ཁྲིམས་འཛུགས་བྱ་བར་གཅིག་འདོམས་སྐུལ་འདེད་བཏང་ནས། མང་ཚོགས་ལས་ཞུགས་བྱེད་ཐུབ་ཅིང་ཡོང་སྒོ་འཕར་བར་སྐུལ་ཁྲིད་ལེགས་པོ་བྱེད་དགོས། ཁྲིམས་འཛུགས་སྐུལ་འདེད་དང་སྲུང་སྐྱོབ་ཁུལ་འཛུགས་པའི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། སྲོལ་ཡིག་ཚུགས་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པ། དོན་དངོས་སུ་ཕན་ཐོགས་པ་བཅས་ལ་ཁག་ཐེག་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།