
ཟླ4པའི་ཚེས10ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་སྟོང་སྐོར་རྫོང་དུ་སོང་ནས་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་སྟོང་སྐོར་རྫོང་ཏུང་ཞ་ཞང་དང་སྟོང་སྐོར་རྫོང་གི་དམངས་ཆེན་འཐུས་མིའི་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ཞིབ་བྱ་འགུལ་ཁང་སོགས་སུ་སོང་ནས་འཐུས་མིའི་འགན་སྒྲུབ་ཡིག་ཚགས་དང་གྲོས་གཞི་སྒྲུབ་པའི་རྒྱུ་ཆར་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་། རྫོང་དང་ཞང་གི་སྐབས་བརྗེ་འདེམ་བསྐོའི་འདེམ་ཁུལ་དབྱེ་འབྱེད་དང་འདེམ་དམངས་ཐོ་འགོད་སོགས་གྲ་སྒྲིག་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་ཤིང་། རྫོང་དང་ཞང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བཏང་བའི་གནས་ཚུལ་ཐད་ཀྱི་སྙན་ཞུར་ཉན་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་བ་བཟང་བོར་བསྒྲུབ་པ་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་པ། གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ཚད་མཐའ་བརྟན་སྲུང་བྱེད་པ། འབྲུ་རིགས་བདེ་འཇགས་དང་ཐོན་སྐྱེད་ཚད་མཐར་འགན་སྲུང་བྱེད་པ་སོགས་ཕྱོགས་ནས་བླང་བྱ་བཏོན།
རྟོག་ཞིབ་ཚན་ཆུང་གིས་རྫོང་དང་ཞང་གི་དམངས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་ནི་ད་ལོའི་རང་ཞིང་གི་ཆབ་སྲིད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་ཡིན་པ་དང་། ཁྱབ་ཚད་ཆེ་ཞིང་འདེམ་དམངས་ཞུགས་ཚད་མང་ལ། བྱ་བ་མང་བར་མ་ཟད། ཆབ་སྲིད་རང་བཞིན་དང་བཅའ་ཁྲིམས་རང་བཞིན། གོ་རིམ་རང་བཞིན་བཅས་དྲག་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་བཅས་ལག་བསྟར་ནན་མོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་སྐབས་བརྗེ་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། འཐུས་མིའི་ཆབ་སྲིད་དང་བྱང་ཚད། སྤྱོད་གཙང་། སྒྲིག་གཞི་བཅས་ཀྱི་འགག་སྒོ་དམ་སྲུང་བྱེད་པ། འདེམ་ཁུལ་དབྱེ་འབྱེད་དང་འདེམ་དམངས་ཐོ་འགོད། འོས་མི་འཚམས་སྦྱོར། འདེམས་ཤོག་འཕངས་ནས་འདེམ་བསྐོ་བྱེད་པ། འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱེད་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་བྱེད་པ་སོགས་བྱ་བ་བཟང་བོར་སྒྲུབ་པ། བློ་བརྟན་འགྱུར་མེད་སྒོས་ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་ཕྱོགས་བརྟན་པོར་འཛུགས་པ། སྒྲིག་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་བཅས་བྱས་ནས་རྫོང་དང་ཞང་གི་སྐབས་བརྗེ་བྱ་བས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་འདེམ་བསྐོ་བྱ་བས་སྲོལ་གཙང་སྤྱོད་བཟང་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་འདེམ་བསྐོའི་མཇུག་འབྲས་ལ་ཡིད་ཚིམས་པ་བཅས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།