ཞབས་ཞུའི་ལས་རིགས་ཀྱི་བྱེད་ནུས་དང་སྤུས་ཚད་མཐོར་འདེགས་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དགོས་མཁོའི་སྣེ་ཁྲིད་དང་། བཅོས་བསྒྱུར་འགག་སྒྲོལ། ཚན་རྩལ་ནུས་པ། སྒོ་འབྱེད་མཉམ་ལས་བཅས་འབུར་དུ་བཏོད་དེ། ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་གཏོད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བཅོས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་དང་ཕན་འབྲས་བསྟུད་མར་ཇེ་མཐོར་ཕྱིན།

མིག་སྔར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་འཕེལ་སྟོབས་ཆེ་ཞིང་བག་ཤུགས་ཆེན་པོ་ལྡན། རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཆེན་པོ་དང་པོ་ཡིན་པའི་ཆ་ནས། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།

ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་འཁྱོག་ཐིག་འདི་ནི་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལམ་བུ་རེད།

2015ལོར་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཐོག་དང་པོར50%ལས་བརྒལ་བ་དང་། དེའི་རྗེས་ཀྱི་ལོ11ལ་བསྟུད་མར་རྒྱལ་དམངས་དཔལ་འབྱོར་གྱི་ཕྱེད་ཀ་ཟིན་ཡོད། 2025ལོར་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་ཐོག་དང་པོར་སྒོར་རབ་བཀྲམས་བརྒྱད་ལས་བརྒལ་བ་དང་། རྒྱལ་དམངས་དཔལ་འབྱོར་འཕར་བར61.4%ལྷག་གི་བྱས་རྗེས་བཞག་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའི་གོ་གནས་སྔར་ལས་ཇེ་བརྟན་དུ་གྱུར།

ཞབས་ཞུའི་ལས་རིགས་ནི་ཞབས་ཞུའི་ཐོན་རྫས་མཁོ་འདོན་བྱེད་པའི་ལས་རིགས་ཤིག་ཀྱང་ཡིན། ད་ལྟ། ཆ་འཕྲིན་ལག་རྩལ་དང་གློག་རྡུལ་ཚོང་དོན་སོགས་མཚོན་བྱེད་ཡིན་པའི་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་ནས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཟབ་མོ་གཏོང་བཞིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་དམིགས་ནས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་མཐོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་མཛད། ཡུན་རིང་མ་འགོར་བའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ནས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་རྩེ་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་སྣ་མང་ཅན་དང་སྟབས་བདེ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ཀྲུང་གོའི་ཞབས་ཞུའི”ཟོང་རྟགས་གྲགས་ཅན་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་བསྟན་དོན། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་མཐོའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞབས་ཞུའི་ཁྱབ་ཁོངས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལས་ཆོད་དང་འགྲན་རྩོད་ནུས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། ཞབས་ཞུའི་ལས་རིགས་ཀྱིས་ཐོན་ལས་རིམ་སྤར་ལ་འདེགས་སྐྱོར་དང་། དམངས་འཚོའི་དགོས་མཁོ་སྐོང་བ། ལས་ཞུགས་རྒྱ་སྐྱེད་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ལོ་སར་གྱི་རྗེས་སུ། ཀྲུང་དབྱང་ནས་ས་གནས་བར། རང་རྒྱལ་གྱིས་ཞབས་ཞུའི་ལས་རིགས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་ནུས་པ་སྩོལ་བའི་འཕེལ་རྒྱས་གཏོང་ཐབས་ཀྱི་བྱེ་བྲག་གི་ཐབས་ལམ་མགྱོགས་མྱུར་སྒོས་འཚོལ་ཞིབ་བྱས། ཞབས་ཞུ་རྣམ་པའི་བཟོ་སྐྲུན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཚོད་ལྟ་བྱེད་འགོ་བརྩམས། ཀོང་ཏུང་གིས་ཚན་རྩལ་དང་དངུལ་རྩ་མཉམ་འདྲེས་གཏིང་ཟབ་ཡོང་བར་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཚན་རྩལ་རྣམ་པའི་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱས། ཧྲང་ཧའེ་ཡིས་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་བཏོན་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དེ“བཟོ་སྐྲུན་དང་ཞབས་ཞུ” “ཐོན་རྫས་དང་ཐག་གཅོད་ཇུས་གཞིའི”ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་། ཅང་སུའུ་ཡིས་གྲངས་འཛིན་ནུས་སྤྲོད་ཟབ་སྤེལ་གཏོང་བར་དམིགས་ནས། རྨང་གཞིའི་མཉེན་ཆས་དང་བཟོ་ལས་མཉེན་ཆས་སོགས་གཙོ་བོ་ཡིན་པའི་རྩེར་སོན་མཉེན་ཆས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སུ་བཏང་།

ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་མྱུར་དུ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་མཐོ་རིམ་ཕྱོགས་སུ་སྲིང་ནས། ཐོན་ལས་རྣམ་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། ད་ལྟ། མིས་བཟོས་རིག་ནུས་སོགས་མཚོན་བྱེད་ཡིན་པའི་རབས་གསར་པའི་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་ཐོད་བརྒལ་བྱུང་ནས། རང་རྒྱལ་གྱི་བཟོ་ལས་སྦྲེལ་དྲ་རིགས41བཟོ་ལས་རིགས་ཆེན་པོ་ཚང་མར་ཁྱབ་ཡོད། ད་ལྟ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ཀྱི་བསྡུར་ཚད89.6%ཟིན་པ་དང་། གྲངས་འཛིན་ཅན་གྱི་སྒྲིག་ཆས་ཁྱབ་གདལ་ཚད57.7%ཟིན་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་དེས་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་འདོན་སྤྲོད་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རྒྱུན་ཆད་མེད་པར་འཕར་བཞིན་པའི་སྤུས་ལེགས་འཚོ་བའི་དགོས་མཁོ་བསྐངས་བཞིན་ཡོད། སྡེ་ཁུལ་གྱི་རྒན་གསོའི་སྒྲིག་གཞི་བཙུགས་ནས་ཀུན་ཕན་རང་བཞིན་གྱི་སློབ་གསོའི་སྒྲིག་གཞི་མྱུར་དུ་གྲུབ། རིག་ནུས་ཁྱིམ་སྲིད་དང་རོལ་མྱོང་རྣམ་པའི་ཉམས་ཉེན་སོགས་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གང་སར་ཁྱབ་ཀྱིན་ཡོད། “སྡེ་བའི་རྟགས་ཅན”གྱི་མང་ཚོགས་ཀྱི་རིག་རྩལ་བྱེད་སྒོ་མིང་དུ་གྲགས་ཏེ། ཞིང་སྡེའི་རིག་གནས་ལུས་རྩལ་ཡུལ་སྐོར་ཚོང་པ་མཉམ་འདྲེས་ཀྱི་རྣམ་པ་བསྟུད་མར་ཇེ་ལེགས་སུ་སོང་ནས། ས་གནས་ཁག་གིས་མི་འབོར་གྲུབ་ཆའི་འགྱུར་ལྡོག་དང་མཁར་གྲོང་ཅན་གྱི་འཕེལ་རིམ་ལས་བྱུང་བའི་དགོས་མཁོ་གསར་པ་དང་བསྟུན་ནས། ཞབས་ཞུའི་འཛད་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་ཁྲིད་བྱས།

སྤུས་ཚད་མཉམ་འཕར་གྱི་ཀྲུང་གོའི་ཞབས་ཞུའི་ལས་རིགས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་མ་ལག་ཁྲོད་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་བརྟན་ཐོག་འཕར་སྣོན་བྱུང་ཀྱིན་ཡོད། 2025ལོར། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཐོག་དང་པོར་སྒོར་ཁྲག་ཆེན་བརྒྱད་ལས་བརྒལ་བ་དང་། ཞབས་ཞུའི་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་གྱི་ཟིན་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ། ད་ལོར། རང་རྒྱལ་གྱིས་ད་དུང་གོ་རིམ་ལྡན་པའི་ངང་ཞབས་ཞུའི་ཁྱབ་ཁོངས་ཀྱི་རང་བརྟེན་སྒོ་འབྱེད་རྒྱ་སྐྱེད་དེ། གནས་ཐང་འཕར་བའི་གློག་འཕྲིན་དང་། སྐྱེ་དངོས་ལག་རྩལ། ཕྱི་རྒྱལ་ཚོང་པའི་མ་རྩ་ཁེར་འཇོག་སྨན་ཁང་སོགས་ཁྱབ་ཁོངས་སུ་སྔར་བས་སྒོ་འབྱེད་ཚོད་ལྟ་བྱ་རྒྱུ་རེད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བག་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་རབ་བཀྲམས་ཆེན་མོ་གཅིག་ལས་བརྒལ་ཏེ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྩོལ་ངེས།