ལི་ཆང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཁོངས་གཏོགས་ཨ་པུའུ་ཀྲ་པི་ཡི་རྒྱལ་རྒྱུད་འཛིན་མཁན་དང་གྲོས་མོལ་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ4པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཁོངས་གཏོགས་ཨ་པུའུ་ཀྲ་པི་ཡི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་གྲོས་མོལ་གནང་།

ལི་ཆང་གིས། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་མུའུ་ཧན་མོ་ཏེའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་སོང་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་མུ་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་འདོད་ཡོད་ཅིང་། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་དང་མཉམ་ལས་ཟམ་མི་ཆད་པར་ཚད་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ནས། གྲུབ་འབྲས་ངོ་མ་སྔར་ལས་མང་པོ་ལེན་པ་དང་། གཉིས་ཕན་མཉམ་རྒྱལ་སྔར་ལས་ལེགས་པར་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།

ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ནུས་ཁུངས་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་པ་དང་། ནུས་གསོག་དང་། ཆིང་ནུས། ནུས་ཁུངས་གསར་པའི་རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་བག་ཤུགས་སྔོག་འདོན་གཏིང་ཟབ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཚོང་དོན་འཕར་གཞི་སྔར་བས་མང་བ་བཏོད་དགོས་ཏེ། གཞི་ཁྱོན་ཇེ་ཆེ་རུ་གཏོང་དགོས་ལ་གྲུབ་ཆ་ལེགས་སྒྲིག་ཀྱང་བྱེད་དགོས། ཀྲུང་གོ་དང་ཨ་རབ་བར་གསར་གཏོད་འཕེལ་རྒྱས་ཕྱོགས་ཀྱི་མཉམ་ལས་ཐད་མདུན་ལམ་ཡག་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས། ཨ་རབ་ཕྱོགས་ཀྱིས་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། སྔོན་ཐོན་བཟོ་སྐྲུན། ཚེ་སྲོག་ཚན་རིག་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོར་དངུལ་གཏོང་བྱེད་ཤུགས་ཇེ་ཆེ་རུ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ཕན་ཚུན་སྦྲེལ་མཐུད་དང་དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཚོང་དོན་དང་དངུལ་གཏོང་གི་སྟབས་བདེ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆོག དབྱི་ལང་དམག་འཁྲུག་ལངས་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བར་འདུམ་དང་དམག་འཁྲུག་ཞི་ཐབས་བྱས་ཏེ། ད་རུང་དེའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པ་དང་། མཚོ་ཁུག་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སླར་གསོ་ཡོང་བར་བྱས་རྗེས་འཇོག་འདོད་ཡོད། ཨ་རབ་ཕྱོགས་ཀྱིས་མུ་མཐུད་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཨ་རབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། ལས་ཁུངས། ལས་གཞི་བཅས་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཧ་ལི་ཏེ་ཡིས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་སྤྱན་རྒྱ་ཡངས་ཤིང་འཐབ་ཇུས་དགོངས་པ་གཏིང་ཟབ་པར་བརྟེན་ནས། ཨ་རབ་དང་ཀྲུང་གོ་བར་གྱི་འབྲེལ་བའི་འཕེལ་རྒྱས་འགྲོ་ཤུགས་ཇེ་ཆེ་རུ་སོང་། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཐད་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་ཚད་ལ་བཞག་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་འདོད་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དབུས་ཤར་ས་ཁུལ་གྱི་ཞི་བདེ་སྐུལ་སྤེལ་ཐད་ནུས་པ་གལ་ཆེན་འདོན་པར་རེ་སྒུག་བྱེད་ཀྱི་ཡོད་ཅིང་། དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་ཨ་རབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་མཇུག་བསྒྲིལ་རྗེས་ལི་ཆང་དང་ཧ་ལི་ཏེ་གཉིས་ཀྱིས་མཉམ་དུ་ཞིང་ལས་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་།

ཝུའུ་ཀྲེང་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།