ཀྲའོ་ལེ་ཅི་ཡིས་ནེའུ་ཙི་ལན་གྱི་གྲོས་གཙོ་དང་གྲོས་མོལ་མཛད།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ནེའུ་ཙི་ལན་གྱི་གྲོས་གཙོ་པུའུ་ལང་ལི་དང་གྲོས་མོལ་མཛད།

ཀྲའོ་ལེ་ཅི་ཡིས། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་ཟམ་མི་ཆད་པར་ཐོན། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེའུ་ཙི་ལན་གྱི་འགོ་ཁྲིད་གཉིས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།

ཀྲའོ་ལེ་ཅི་ཡིས། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། མཉམ་ལས་ལ་དམིགས་པ། ཐུན་མོང་འཕེལ་རྒྱས་གཏོང་བ་བཅས་ནི་ཀྲུང་གོ་དང་ནེའུ་ཙི་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ50ལྷག་འགོར་བ་ལས་ཐོབ་པའི་རྩ་ཆེའི་ཉམས་མྱོང་རེད། ཕྱོགས་གཉིས་ཀྱིས་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ལ་ཁས་ལེན་ཐེངས་མང་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་དང་མཉམ་ལས་ལ་དམིགས་ཏེ་མཉམ་ལས་ཀྱི་འཕར་གཞི་སྔར་ལས་མང་པོ་གཏོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་དང་། ལྷག་པར་དུ་ན་གཞོན་མི་རབས་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་གཏོང་བ། ས་གནས་བར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་པ་བསྟན།

ཀྲའོ་ལེ་ཅི་ཡིས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ནེའུ་ཙི་ལན་གྱི་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་བྱེད་འདོད་ཡོད་པ་ནན་གྱིས་བསྟན། ཀྲའོ་ལེ་ཅི་ཡིས་ད་རུང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ནེའུ་ཙི་ལན་ཕྱོགས་ཀྱི་ཁེ་ལས་སྔར་ལས་མང་པོས་ཀྲུང་གོའི་ཁྲོམ་ར་རྒྱ་སྐྱེད་དང་ཇེ་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛུགས་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་ཐད་ཀྱི་ཉམས་མྱོང་སྤེལ་རེས་བྱེད་འདོད་ཡོད་པ་བསྟན།

པུའུ་ལང་ལི་ཡིས། ཕན་ཚུན་ཡིད་ཆེས་དང་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་བྱས་པའི་རྨང་གཞིའི་ཐོག ནེའུ་ཙི་ལན་དང་ཀྲུང་གོ་བར་ལ་འབྲེལ་བ་བརྟན་འཇགས་ཞིག་ཆགས་ཡོད། ནེའུ་ཙི་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས་གསར་པ། སློབ་གསོ། གཞོན་ནུ། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས། མི་ཚུལ་སྤེལ་རེས་ཀྱིས་ཕྱོགས་གཉིས་འབྲེལ་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ནེའུ་ཙི་ལན་གྲོས་ཁང་འཐུས་ཚབ་ཚོགས་པའི་ཁོངས་མི་ནི་ནེའུ་ཙི་ལན་གྱི་སྲིད་ཏང་སོ་སོ་ནས་ཡོང་བ་ཡིན་ཞིང་། ཚང་མས་ཀྲུང་གོ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡག་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ནེའུ་ཙི་ལན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ཐད་ཤུགས་སྣོན་པ་དང་། ནེའུ་ཙི་ལན་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་པ་བསྟན།

ཀྲང་ཆིང་ཝེ་གྲོས་མོལ་ལ་ཞུགས།