ཞི་ཅིན་ཕིང་གིས་ཀའེ་ལའེ་ཅི་པོའུ་ཐི་ཡི་སྲིད་འཛིན་ལ་བསྟུད་མར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ་4ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་སི་མེ་ཨར·ཨོ་མཱ་ཨར·ཀའེ་ལའེ་ལ་གློག་འཕྲིན་བཏང་ནས། ཁོ་ཅི་པོའུ་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཅི་པོའུ་ཐིའི་བར་མཛའ་བརྩེ་ཟབ་མོ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྲིད་འཛིན་ཀའེ་ལའེ་ཡིས་དུས་ཡུན་རིང་པོར་ཀྲུང་གོ་དང་ཅི་པོའུ་ཐིའི་བར་གྱི་མཛའ་བརྩེ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བར་ངས་བསྔགས་བརྗོད་ཞུས་པ་ཡིན། ངས་ཀྲུང་གོ་དང་ཅི་པོའུ་ཐིའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། སྲིད་འཛིན་ཀའེ་ལའེ་དང་མཉམ་དུ་འབད་བརྩོན་བྱས་ནས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། ཀྲུང་གོ་དང་ཅི་པོའུ་ཐིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།