
གསར་འགོད་པས་ཚེས་བཅུ་བདུན་ཉིན་ཀྲུང་གོ་ཉིང་རྡུལ་ནུས་པའི་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ། རང་རྒྱལ་གྱིས་སྐྱེལ་འདྲེན་དང་འཛུགས་སྐྲུན་བྱེད་བཞིན་པའི་ཉིང་རྡུལ་གློག་འདོན་འཕྲུལ་ཚན་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་ལྔ་ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས།
ཀྲུང་གོའི་ཉིང་རྡུལ་ནུས་པའི་ལས་རིགས་མཐུན་ཚོགས་ཀྱིས་བསྟན་དོན། མིག་སྔའི་བར་དུ། རང་རྒྱལ་གྱི་ཉིང་རྡུལ་གློག་འདོན་འཕྲུལ་ཚན60ཚོང་དོན་སྐྱེལ་འདྲེན་བྱས་པ་དང་། ཉིང་རྡུལ་གློག་འདོན་འཕྲུལ་ཚན36བསྐྲུན་བཞིན་ཡོད་དེ། བསྐྲུན་བཞིན་པའི་ཉིང་རྡུལ་གློག་འདོན་གཞི་ཁྱོན་གྱིས་འཛམ་གླིང་གི་ཕྱེད་ཀ་ཡན་ཟིན་ཡོད། དུས་མཚུངས་སུ་འཛུགས་སྐྲུན་བྱ་རྒྱུར་ཞིབ་མཆན་བཀོད་པའི་གློག་འདོན་འཕྲུལ་ཚན་ད་དུང16ཡོད་པ་དང་། འཕྲུལ་ཆས་ཧྲིལ་བོའི་གློག་ཤོང་ཚད་སྟོང་ཝ་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་ལྔ་ཟིན་ཡོད་དེ། འཛམ་གླིང་གི་ཨང་དང་པོར་གནས། དེའི་ཁྲོད་རང་རྒྱལ་གྱི་རང་བདག་ཉིང་རྡུལ་གློག་འདོན་རབས་གསུམ་པའི“ཧྭ་ལུང་ཨང་རྟགས་ཅན་དང་པོ”ཡིས་ལས་ཆོད་ཆེ་ཞིང་ཡིད་རྟོན་རུང་བའི་འཛུགས་སྐྲུན་དུས་འཁོར་དང་དེ་མིན་རང་བརྟེན་ཚོད་འཛིན་ཐུབ་པའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་མ་ལག་བཅས་ལ་བརྟེན་ནས། མིག་སྔར་འབོར་ཚད་ཅན་གྱི་བཟོ་སྐྲུན་གྱི་དུས་མཚམས་གསར་པར་སླེབས་པ་དང་། རྒྱལ་ཁབ་ཕྱི་ནང་དུ་སྐྱེལ་འདྲེན་དང་ཞིབ་མཆན་བཀོད་པའི་ཉིང་རྡུལ་གློག་འདོན་འཕྲུལ་ཚན40ལས་བརྒལ་ཡོད།
བཟོ་སྐྲུན་ལག་རྩལ་རང་བདག་ཅན་དང་རང་རྒྱལ་ནས་ཐོན་པའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་སོང་བ་དང་བསྟུན་ནས། རང་རྒྱལ་དུ་གྲ་སྒྲིག་བྱེད་པ་ནས་ཨར་ལས་དང་། དེ་ནས་གྲང་ཚོད་ནས་ཚོང་ལས་སྐྱེལ་འདྲེན་བར་གྱི་ཉིང་རྡུལ་གློག་འདོན་བཟོ་སྐྲུན་གྱི་དུས་འཁོར་ཧྲིལ་པོའི་འཛུགས་སྐྲུན་གཉེར་སྐྱོང་བྱེད་ནུས་རིམ་བཞིན་ཆགས་ཡོད།
ཀྲུང་གོ་ཉིང་རྡུལ་ནུས་པའི་ལས་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དཔོན་གཞོན་པ། ཚའོ་ཧྲུའུ་ཏུང་གིས་བཤད་རྒྱུར། མིག་སྔར་རང་རྒྱལ་གྱི་ཉིང་རྡུལ་གློག་འདོན་བཟོ་སྐྲུན་འཛུགས་སྐྲུན་གྱི་གཞི་ཁྱོན་དང་དེ་མིན་བདེ་འཇགས། སྤུས་ཚད། མྱུར་ཚད་སོགས་ཀྱི་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་དང་། ཉིང་རྡུལ་གློག་འདོན་འཕྲུལ་ཚན50དུས་མཉམ་དུ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ཨར་ལས་ཀྱི་ནུས་པ་ལྡན་ཟེར།
བཟོ་སྐྲུན་ནུས་པ་བསྟུད་མར་ཇེ་མཐོར་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་ཉིང་རྡུལ་གློག་འདོན་སྒྲིག་ཆས་དང་ལག་རྩལ་རང་བརྟེན་གསར་གཏོད་ནུས་པ་ཡང་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། མིག་སྔར། རང་རྒྱལ་དུ་ཉིང་རྡུལ་གློག་འདོན་སྒྲིག་ཆས་གཙོ་བོའི་བརྒྱ་ཆའི་བརྒྱ་རང་རྒྱལ་གྱིས་ཐོན་སྐྱེད་བྱེད་ཐུབ་པ་དང་དེ་མིན་དེའི་འགག་རྩའི་ལྷུ་ལག་ཆེ་ཆུང་གི་ལག་རྩལ་རང་བརྟེན་ཚོད་འཛིན་བྱེད་ཐུབ་ལ། དྲོད་ཚད་མཐོ་བའི་རླུང་གྲང་ཕུང་པོ་དང་། འགྱུར་འབྱུང་ཕུང་པོ་ཆུང་གྲས། མྱུར་ཕུང་། འདུས་འགྱུར་ཕུང་པོ་སོགས་འགག་རྩའི་ལག་རྩལ་ལའང་ཐོད་བརྒལ་གསར་པ་རབ་དང་རིམ་པ་བྱུང་ཡོད།